དུང་བརྗོད་མུ་ཏིག་འཕྱང་འཕྲུལ།

(ཆབ་མདོ) དབྱངས་ལྡེའུ།པར་ངོས། 4 2025ལོའི་ཟླ02པའི་ཚེས21ཉིན།

ཟླ་གསལ་འཛུམ་དཀར་རྒྱས་པའི་ནམ་མཐོངས་སུ། །

དྲན་གདུང་མིག་གི་བྱ་ཁྱུ་འཕུར་བའི་ཤུལ། །

ཞེ་འདང་གཙང་ཆུ་བསྐྱིལ་བའི་འདབས་རོལ་གྱི། །

ཆུང་འདྲིས་ངང་ཆུང་གསེར་མགོ་དྲན་པས་བཟི། །


ལོ་ཟླ་རླབས་བཞིན་གཡོ་བའི་རི་གྲོང་ནས། །

མ་བཅོས་ཞེ་བརྩེའི་དཔྱིད་ཆར་ཟེགས་མ་འབུམ། །

ཞེན་ཆགས་རུས་རྐང་གསེབ་ཏུ་ཟུག་པ་ཡི། །

ལས་འཕྲོའི་བརྩེ་བའི་མི་ཡི་པང་དུ་ཐོར། །


ཁྲེལ་གཞུང་དབྱར་གསུམ་དཔལ་མོའི་ལང་ཚོ་ལ། །

དམ་ཚིག་ཉི་ཟླའི་གཟི་བྱིན་རྫོགས་པའི་མྱི། །

འདང་བརྩེའི་ཤེལ་དཀར་མེ་ལོང་གཙང་མའི་ངོགས། །

ཡལ་མེད་འཛུམ་དཀར་རི་མོ་སྙིང་དུ་སྡུག །


སྐར་རྒྱན་དབྱིངས་ཀྱི་མགུལ་བར་འཁྲིལ་བའི་དུས། །

དྲན་འཛིན་ཡིད་ཀྱི་གངས་རིའི་འདབས་རོལ་ན། །

ཆུང་གྲོགས་གཡུ་ཆུང་དྲུག་དཀར་འཛུམ་ཆུང་ཞལ། །

འདབ་དྲུག་ཁ་བ་འབབ་པའི་སྟངས་ཀ་མཐོང་། །


གཉུག་མའི་སེམས་ཀྱི་མཚོ་མོ་སྐྱོམ་པའི་ངོགས། །

མཛའ་བརྩེ་ཟླ་བ་འཛུམ་པའི་ལོ་ཟླ་རུ། །

ཞེ་འདང་མེ་ཏོག་ལྷས་ཞྭ་སྒྲོན་པའི་རོགས། །

འབྲུ་མེད་སེམས་ཀྱི་སྙན་ངག་ནང་ནས་ཉར། །


མཛའ་གཞས་སྙན་པའི་དབྱངས་རྟ་ཀྲུང་ཀྲུང་མགུལ། །

དུངས་ཞེན་བརྩེ་བའི་ཕྱག་གིས་དམ་བཏགས་ཏེ། །

དྲན་གདུང་ནམ་མཁར་འཚེར་བའི་སྨིན་དྲུག་མའི། །

ཞབས་སེན་པད་འདབ་གྲོལ་བའི་ཡུལ་དུ་བསྐུར། །