སྒེའུ་འགྲམ་གྱི་གྲང་རེག་ཅན།

(མཚོ་ལྷོ) གངས་ཆབ་ལྷ་སྲས།པར་ངོས། 4 2025ལོའི་ཟླ02པའི་ཚེས21ཉིན།

སྤྲིན་དཀར་ལེབ་མོ་ལེབ་མོ།

མེ་ཏོག་དཀར་པོ་དཀར་པོ།

འཁྱག་སིབ་སིབ་ཀྱིས་ས་རུ་ལྷུང་།

ས་གཞིའི་ངོ་གདོང་མ་ལུས་དཀར་གཙང་ངེར་གྱུར།


མཐོང་སྣང་མཐའ་དག་གྲང་ཤུར་ཤུར།

གནམ་ངོ་ཇེ་གནག་ཡིན་པའི་དགོང་དྲོ་ཞིག་ཏུ།

ཁྱོད་ཉིད་ཁ་བ་བཞིན་དྭངས་གསལ་ངང་བཞུགས་སམ།

ཡང་ན།ཙག་རླུང་བཞིན་རྣོ་ངར་གྱིས་བསྒྲེང་རྩིས་ཡོད་དམ།


སེམས་པ་སྟོང་ལྷང་ལྷང་དུ་གནས་ཤིང་།

སྐད་ཆ་ཅི་ཡང་མེད་པའི་ནམ་ཟླར་གླན་བཞིན།

ཁེར་རྐྱང་གཅོང་རོང་གི་སྦུབས་སུ་ཡལ་ནས།

འཇིག་རྟེན་གྱི་སྐྱོ་བ་བརྔུབ་པར་ཞེད་ཀྱིན་འདུག་གམ།


སྙིང་ཉེ་བ་དེ་དག་དང་རྒྱང་དུ་གྱེས་རྗེས།

མིག་སྔུན་གྱི་འཚོ་བ་བསམ་པ་བཞིན་ཡོང་གིན་ཨེ་འདུག

སྒེའུ་ཁུང་གི་ཕྱི་རོལ་དུ་སེམས་པ་གཡེང་དུས།

ཁ་བ་ཇེ་མང་ནས་ཇེ་མང་དུ་ས་རུ་འཐོར་ཨེ་བྱུང་།


ཆེས་དགའ་སའི་སྙན་དེབ་ཀྱི་ཁ་ཤས་བཀླགས་གྲུབ་སྟེ།

ཆུ་ཁོལ་ཕོར་བ་གང་བཞེས་འཕྲལ་དུ།

ཅི་འདི་མེད་པར་ཚོར་བ་གློང་གློང་གིས་ལྡང་ངེས།

དེ་དུས།སེམས་ཀྱི་ཟབ་སར་ང་ལ་སྟོན་དང་།

ངའི་ཡིག་འབྲུ་འདི་ཚོས་ཁྱོད་ལ་དགའ་རོགས་དང་སྐྱོ་རོགས་བྱེད་ཡོང་།