—— J·Z
(ཁྲིན་ཏུའུ) ཅོ་བྱང་སྐར།པར་ངོས། 4 2025ལོའི་ཟླ02པའི་ཚེས21ཉིན།
དགུན་གསུམ་མཁའ་ནས་བབས་པའི་སྤྲིན་དཀར་གྱི་འདབ་མ་དཀར་པོ།
ནམ་མཁའི་མཐོངས་ནས་བྱོན་པའི་ཁ་བ་ཡི་བྱིན་རླབས་དཀར་པོ།
དགུན་གྱི་གཡང་ཟླ་བཅུ་གཅིག་གྲོགས་སུ་བསྐུལ་ཏེ།
ཡབ་ཡུམ་གྱི་རེ་སྒུག་དང་ཡིད་ཆེས་ཀློང་ནས།
ཚེ་སྲོག་གི་ངུ་སྐད་ཕྲ་མོ་ཞིག་མི་ཡུལ་དུ་འཐེན་བྱུང་།
ཁྱེད་ཀྱི་ཕྲ་ཆུང་མིག་ཟུང་དུ་མཚན་ལྗོངས་ཀྱི་མཛེས་སྡུག་སྦྲུམ་ཡོད་ལ།
ཁྱེད་ཀྱི་སྙིང་རྗེ་བའི་བཞིན་རས་ནི་དག་གཙང་གི་ཆུ་ཤེལ་དང་ཨ་ན་མ་ན།
མི་ཡུལ་དུ་འཐེན་པའི་ང་རོ་ཐོག་མ་དེས།
ངའི་ནང་སེམས་ཀྱི་མཛེས་སྡུག་ལ་ལྷ་དང་ལྷ་མོའི་གར་སྟེགས་བསྐྲུན་ནས།
ཆེས་སྙན་ཞིང་འཇེབས་པའི་དབྱངས་ཅན་མའི་འགྱུར་ཁུག་དཀྲོལ་བྱུང་།
གཅེས་ཕྲུག་སྐྱིད་འཛོམས།སྲས་མོ་སྐྱིད་འཛོམས།
སེར་ཆེན་མེ་ཏོག་འདུ་ལོང་རྒོད་པའི་རྩྭ་ཐང་ཡངས་པོ་དེ་ནི།
ཁྱེད་ཀྱི་རྟག་བརྟན་རྒྱབ་རི་ལྟ་བུའི་ཕ་གཞིས་ཡིན་པ་གདོན་མི་ཟ།
ཀ་མད་སུམ་ཅུའི་ལང་ཚོ་འཕྱོ་བའི་རིག་གླིང་བརྗིད་པོ་གན་ནི།
ཁྱེད་ཀྱི་མ་འོངས་མི་ཚེའི་རྣམ་ཐར་འཁྲབ་སའི་གར་སྟེགས་ཡིན་པ་ཤེས་སུ་བཅུག
ཁྱེད་ནི་འཛེར་སྒྲ་དང་འགྲན་རྩོད་དབེན་པའི་ལྷིང་འཇགས་ཀྱི་མཚན་ལྗོངས་སུ།
ཁྱོན་ཡངས་པའི་མཁའ་དབྱིངས་སུ་ཀེམ་ཀེམ་ལྡེམ་པའི་སྐར་མ་ཆུང་ཆུང་དེ་བཞིན།
ཡབ་ཡུམ་ཟུང་གི་ཚེ་སྲོག་གི་མཚོ་མོ་རུ་བབས་པས།
ཡབ་ཡུམ་ཟུང་གི་འཛུམ་མདངས་ལས་དག་གཙང་གི་ཟེགས་མ་མཁའ་རུ་འཕྱོ་ལ།
མ་འོངས་པར་རེ་བ་དང་ཡིད་ཆེས་ཀྱིས་བལྟམས།