(མཚོ་བྱང) དགེ་ལེགས་རྒྱལ་མཚན།པར་ངོས། 4 2025ལོའི་ཟླ02པའི་ཚེས21ཉིན།
མཚན་མོ་ཟླ་བར་ཁེན་ནས། །
དྲན་པའི་གཞས་ཤིག་བཏང་ཡོད། །
ཟླ་བ་ལྷ་མོའི་སེམས་པ། །
དྲན་པའི་གསང་བ་བརྟོལ་སོང་། །
སྐར་ཚོགས་གདན་དུ་བཏིང་ནས། །
སྐྱོ་བའི་སྒྲུང་ཞིག་འཆད་དུས། །
བྱང་ཕྱོགས་སྐར་མ་ཨ་བརྟན། །
སྨྲེང་བའི་དངན་པ་ཤོར་སོང་། །
ཚེ་འདིར་འཁྲེང་བའི་མི་ལ། །
བློ་སེམས་དཀར་པོ་གནང་ཆོག །
གཏན་གྱི་རེ་བ་བྲལ་ཡང་། །
ལན་གཅིག་འཕྲད་པར་སྒུག་ཆོག །
སེམས་ཀྱི་གཙང་པོའི་ཁ་ནས། །
དྲན་པའི་གླིང་བུ་འབུད་དུས། །
གླིང་བུའི་འགྱུར་ཁུགས་རེ་རེ། །
གཙང་པོའི་རླབས་ལ་འདྲེས་སོང་། །
བྱང་སྤྲིན་ལྷོ་ལ་ཞོགས་དུས། །
སྙིང་གཏམ་ཚིག་གསུམ་སྤྲིངས་ཡོང་། །
ལྷོ་ཕྱོགས་རྒྱ་མཚོའི་ཁ་ནས། །
ཆར་བའི་ཟོལ་གྱིས་ཕོངས་ཤིག །
ལས་འཕྲོ་གཙང་པོའི་རྒྱུན་ལ། །
ལྟོ་དཀར་ཉ་མོ་འཁོར་དང་། །
སྨད་ཀྱི་རྒྱ་མཚོའི་ཁ་ནས། །
འཁྱུག་རྩལ་ཅི་དགར་རོལ་ཆོག །
སེམས་ཀྱི་གཡུ་གཞོང་ཐང་ལ། །
སྤང་རྒྱན་མེ་ཏོག་བཞད་ཡོད། །
གཡུ་སྦྲང་འཁོར་རྒྱུ་བྱུང་ན། །
མེ་ཏོག་ཞལ་ཁ་འཛུམ་ཡོང་། །
མེ་ཏོག་རི་ནས་བཞད་དེ། །
འདབ་ལོ་གཞོང་ལ་འཁུར་འགྲོ །
གཞོང་གི་མཚོ་མོ་ཁ་ནས། །
ཁ་བའི་ཚུལ་གྱིས་བབས་ཆོག
ཁ་བ་མཚོ་ལ་འཐིམ་འཐིམ། །
འུ་གཉིས་འདྲེས་རྒྱུ་བྱུང་ན། །
མཚོ་རྡེའུ་དཀར་པོའི་སྟེང་ལ། །
དམ་ཚིག་རི་མོ་བརྐོས་ཆོག །