པར་ངོས། 3 2025ལོའི་ཟླ02པའི་ཚེས21ཉིན།
བློ་མཐུན་རྩོམ་སྒྲིག་པ་ལགས།
ང་ནི་རྡོ་ཟེགས་བཟོ་གྲྭ་ཞིག་གི་ལས་བཟོ་པ་ཡིན་ཞིང་། རྒྱུན་པར་བཟོ་གྲྭའི་ལས་བཟོ་པ་ཀུན་ཕྱི་རུ་ཟེགས་རྡོ་འདྲུད་དུ་སོང་ན་ཉེན་ཁ་ངེས་ཅན་ལྡན་པས་ཧ་ཅང་གཟབ་གཟབ་བྱ་དགོས། ཉིན་ཞིག་ལ། ང་ཚོའི་ལས་བཟོ་རུ་ཁག་གིས་རི་ཆུང་ཆུང་ཞིག་བསྔོགས་ཏེ་ཟེགས་རྡོ་ལེན་དགོས་པས། འགད་རྫས་རུ་ཁག་གིས་རི་ཆུང་ཆུང་དེ་མིག་ལྡེབ་དབང་ཙམ་གྱི་རིང་ལ་རྡུལ་བཞིན་བརླགས་ནའང་། ང་དང་ལས་བཟོ་པ་གཞན་རྣམས་ཀྱིས་བདེ་འཇགས་གདོང་འབག་གྱོན་ནས་ཟེགས་རྡོ་ལེན་པའི་སྐབས་དེར། གློ་བུར་མདུན་ཕྱོགས་ནས་རྡོ་ལེབ་ཞིག་མར་གྲིལ་ནས་ང་མནན་ཏེ་མགོ་དང་སྒལ་ཚིགས་ལ་རྨས་སྐྱོན་བཟོས་པར་ལས་རྨས་སུ་ངོས་བཟུང་། སྨན་ཁང་ནས་སྨན་བཅོས་བྱས་ཏེ་དྲག་སྐྱེད་བྱུང་ནའང་ངས་སྔོན་ལྟར་ལུས་ཤུགས་འདོན་པའི་བྱ་བ་བསྒྲུབ་མ་ཐུབ། ཕྱིས་སུ་འབྲེལ་ཡོད་སྡེ་ཁག་གིས་ངའི་རྨས་སྐྱོན་ལ་གསལ་འབྱེད་བྱས་པ་བརྒྱུད་རིམ་པ་དགུ་པའི་རྨས་སྐྱོན་དུ་ངོས་བཟུང་བ་དང་ངལ་རྩོལ་བྱེད་ནུས་ཕལ་ཆེར་ཉམས་པར་གྱུར། ལོ་དེའི་ཟླ12པར། ང་དང་ལས་ཁུངས་བར་གྱི་ངལ་རྩོལ་གན་རྒྱའི་དུས་ཡུན་ལོངས་རྗེས། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ངའི་ངལ་རྩོལ་གན་རྒྱ་མཚམས་བཞག འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་རྨས་བྱུང་བའི་ལས་བཟོ་པའི་ངལ་རྩོལ་གན་རྒྱ་མཚམས་བཞག་ན་སྐྱིན་ཚབ་ཅི་ཞིག་འཐོབ་བམ།
ཞེས་དབང་ཕྱུག་གིས།
བློ་མཐུན་དབང་ཕྱུག་ལགས།
རང་རྒྱལ་གྱི《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་དོན་ཚན23པའི་གཏན་འཁེལ་ལྟར་ན།“མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་རྨས་ཅན་གྱི་ལས་བཟོ་པའི་ངལ་རྩོལ་གན་རྒྱ་མཚམས་བཞག་ན། 《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན47པའི་གཏན་འཁེལ་ལྟར་དཔལ་འབྱོར་གྱི་ཁ་གསབ་སྤྲད་དགོས་པ་ཕུད། ད་དུང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་རྨས་ཉེན་སྲུང་གི་གཏན་འཁེལ་ལྟར་སྟེར་ཐེངས་གཅིག་གིས་ལས་རྨས་སྨན་བཅོས་ཁ་གསབ་རོགས་དངུལ་དང་དབང་པོ་སྐྱོན་ཅན་ལས་ཞུགས་ཁ་གསབ་རོགས་དངུལ་སྤྲད་དགོས”ཞེས་བཀོད་ཡོད། དེ་དང་ཆབས་ཅིག་ཏུ་རང་རྒྱལ་གྱི《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན45པའི་གཏན་འཁེལ་ལྟར་ན།“ངལ་རྩོལ་བྱེད་ནུས་ཤོར་བའམ་ཆ་ཤས་ཤོར་བའི་ངལ་རྩོལ་པའི་ངལ་རྩོལ་གན་རྒྱ་མཚམས་འཇོག་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་རྨས་ཉེན་སྲུང་གི་གཏན་འཁེལ་ལྟར་ལག་བསྟར་བྱ་དགོས”ཞེས་བཀོད་ཡོད། མཇུག་ཏུ་རང་རྒྱལ་གྱི《ལས་རྨས་ཉེན་སྲུང་སྲོལ་ཡིག》གི་དོན་ཚན37པའི་གཏན་འཁེལ་ལྟར་ན། “ལས་བཟོ་པ་ལས་རྨས་དབང་གིས་དབང་པོ་སྐྱོན་ཅན་དུ་གྱུར་ནས་རིམ་པ་དགུ་པའི་ལས་རྨས་སུ་ངོས་འཛིན་བྱས་ན་གཤམ་གསལ་གྱི་ཐོབ་ཐང་ལོངས་སུ་སྤྱད་རྒྱུ་སྟེ། (1) ལས་རྨས་ཉེན་སྲུང་ཐེབས་རྩ་ནས་དབང་པོ་སྐྱོན་ཅན་གྱི་རིམ་པ་ལྟར་སྟེར་ཐེངས་གཅིག་གིས་དབང་པོ་སྐྱོན་ཅན་གྱི་ཁ་གསབ་དངུལ་སྤྲད་རྒྱུ་དང་། རིམ་པ་དགུ་པའི་ལས་རྨས་སུ་ངོས་བཟུང་སྟེ་དབང་པོ་སྐྱོན་ཅན་དུ་གྱུར་ན་ཟླ་བ་དགུ་ཡི་གླ་ཕོགས་སྤྲད་དགོས། (2) ངལ་རྩོལ་དང་གདན་ཞུའི་གན་རྒྱའི་དུས་ཡུན་ལོངས་ནས་མཚམས་འཇོག་པའམ་ལས་བཟོ་པ་རང་ཉིད་ཀྱིས་ངལ་རྩོལ་དང་གདན་ཞུའི་གན་རྒྱ་ཕྱིར་འཐེན་བྱ་རྒྱུའི་རེ་བ་བཏོན་ཚེ། ལས་རྨས་ཉེན་སྲུང་ཐེབས་རྩས་སྟེར་ཐེངས་གཅིག་གིས་ལས་རྨས་སྨན་བཅོས་ཁ་གསབ་རོགས་དངུལ་སྤྲད་དགོས་པ་དང་། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་སྟེར་ཐེངས་གཅིག་གིས་ལས་རྨས་ལས་ཞུགས་ཁ་གསབ་རོགས་དངུལ་སྤྲད་དགོས། སྟེར་ཐེངས་གཅིག་གིས་ལས་རྨས་སྨན་བཅོས་ཁ་གསབ་རོགས་དངུལ་དང་དབང་པོ་སྐྱོན་ཅན་ལས་ཞུགས་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ཞིབ་ཕྲ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་འཁེལ་བྱ་དགོས”ཞེས་བཀོད་ཡོད།
གོང་གི་གྱོད་དོན་འདིར་གཞིགས་ན། ཁྱོད་ལ་ལས་རྨས་དབང་གིས་དབང་པོ་སྐྱོན་ཅན་དུ་གྱུར་ནས་མི་ཤུགས་བཀོལ་སྤྱོད་ལས་ཁུངས་དང་ངལ་རྩོལ་འབྲེལ་བ་ཁྲིམས་ལྟར་མཚམས་བཞག་པས། དཔལ་འབྱོར་ཁ་གསབ་དངུལ་དང་རྨས་སྐྱོན་རིམ་པར་གཞིགས་ནས་སྟེར་ཐེངས་གཅིག་གིས་འཐོབ་དགོས་པའི་ལས་རྨས་སྨན་བཅོས་ཁ་གསབ་དངུལ་དང་ལས་རྨས་ལས་ཞུགས་ཁ་གསབ་དངུལ་བཅས་འཐོབ་དགོས།
ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།
མདོ་སྡེ་རྒྱལ།