པར་ངོས། 2 2025ལོའི་ཟླ02པའི་ཚེས21ཉིན།
ཉེ་ཆར། ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཕན་གཏུག་བཤེར་གྱི་དཔེ་མཚོན་གྱོད་དཔེ་ལྔ་ཁྱབ་བསྒྲགས་བྱས་ཤིང་། ཁྱབ་ཁོངས་མི་འདྲ་བའི་ཐོག་ནས་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་གྱོད་སྒྲུབ་ཀྱི་གཞི་རྩའི་བླང་བྱ་མཚོན་པ་དང་། གྱོད་སྒྲུབ་ཀྱི་ཕན་འབྲས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་སྲུང་སྐྱོང་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་ཆེད་ཟི་ལིང་གི་ཞིབ་དཔྱོད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
གྱོད་དཔེ་དང་པོ།
མཁར་ཤར་ཆུའུ་ཞིབ་དཔྱོད་ཁང་གི་གྱོད་སྒྲུབ་མི་སྣས་བརྟག་དཔྱད་བྱས་ཏེ་མངའ་ཁུལ་གྱི་སྒོ་རྩིས་ཚོང་ཁང་དང་ཚོང་ཁྲོམ་སོགས་སུ་སྒྲིག་འགལ་གྱིས“སོས་པའི་གློག་སྒྲོན”སྤྱད་པ་ཤེས་རྟོགས་བྱུང་བ་དང་། གློག་སྒྲོན་དེ་དག་གི་འོད་འཕྲོའི་ནུས་པས་འགྱུར་ལྡོག་བཏང་བ་བརྒྱུད་ཟས་རིགས་ཀྱི་ཕྱི་ཚུལ་སྔར་བས་གསར་པ་ཡིན་ཞིང་ཡིད་དབང་འགུག་པ་དང་། ཟས་རིགས་ཀྱི་སྐྱོན་ཆ་འགེབས་པ། འཛད་སྤྱོད་པར་གོ་ནོར་ཐེབས་པ། དེའི་གནས་ཚུལ་ཤེས་དབང་ལ་གནོད་འཚེ་གཏོང་བ་བཅས་བྱས་ནས་ཟས་རིགས་བདེ་འཇགས་ལ་མི་མངོན་པའི་འཇིགས་སྐུལ་བཟོས་ནས་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པ་རེད།
གྱོད་གཞིའི་ཁུངས་སྣེ་ཤེས་རྟོགས་བྱུང་རྗེས། མཁར་ཤར་ཆུའུ་ཞིབ་དཔྱོད་ཁང་གིས་དུས་ཐོག་ཏུ་གྱོད་དོན་ཐོ་འགོད་བྱས་ཏེ་འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་ཞིབ་དཔྱོད་གྲོས་མགོ་བཏོན་པ་དང་། འབྲེལ་ཡོད་འགན་ནུས་སྡེ་ཁག་དང་མཉམ་དུ་བྱ་སྤྱོད་སྤེལ་ཡུལ་མང་པོ་ཞིག་ཏུ་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་གི་བྱེད་སྒོ་སྤེལ་བ་རེད།
འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་ཞིབ་དཔྱོད་གྲོས་མགོ་འབྱོར་རྗེས། སྒྲིག་སྲོལ་དང་འགལ་ནས“སོས་པའི་གློག་སྒྲོན”སྤྱད་པའི་ཚོང་ཁང་ལ་བཅོས་སྒྲིག་བྱ་དགོས་པའི་བཀའ་རྒྱའི་བརྡ་ཐོ་བཏང་། དེ་དང་ཆབས་ཅིག་ཆེད་དོན་ཞིབ་བཤེར་བྱེད་སྒོ་སྤེལ་ནས་མངའ་ཁུལ་གྱི་ཚོང་ཁྲོམ་སོགས་འབྲེལ་ཡོད་གཉེར་སྐྱོང་མཁན་གྱི་གློག་སྒྲོན་སྒྲིག་ཆས་བེད་སྤྱོད་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ། བཅོས་སྒྲིག་ལས་དོན་དོན་འཁྱོལ་ནུས་ལྡན་ཡོང་བའི་འགན་ལེན་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་པ་རེད།
གྱོད་དཔེ་གཉིས་པ།
2024ལོའི་ཟླ2པའི་ཚེས4ཉིན། མཁར་དཀྱིལ་ཆུའུ་ཞིབ་དཔྱོད་ཁང་གིས་མངའ་ཁུལ་གྱི་གྲོང་གསེབ་ཁ་ཤས་སུ་ཞིང་སྤྱོད་སྲབ་སྐྱི་རྙིང་པ་གང་སར་གཡུགས་ནས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་ཁུངས་སྣེ་ཡོད་པ་ཤེས་རྟོགས་བྱུང་བས། དུས་ཐོག་ཏུ་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་ཏེ། མངའ་ཁུལ་གྱི་སྲིད་འཛིན་གྲོང་ཚོ་མང་པོ་ཞིག་ཏུ་བཀོལ་མྱོང་བའི་ཞིང་སྤྱོད་སྲབ་སྐྱི་དུས་ཐོག་ཏུ་ཕྱིར་བསྡུ་མ་བྱས་པའི་གནས་ཚུལ་རྩད་ཆོད་པ་དང་། ཞིང་སྤྱོད་སྲབ་སྐྱི་དུས་ཡུན་རིང་པོར་ས་རྒྱུའི་ནང་དུ་ལུས་ཚེ་ས་རྒྱུའི་གྲུབ་ཚུལ་དང་ས་རྒྱུའི་གཤིན་ཚད་ལ་གཏོར་བརླག་དང་། ཞིང་ལས་ལོ་ཏོག་སྐྱེ་འཕེལ་ལ་ཤུགས་རྐྱེན་ཐེབས་པ། སྤྱི་ཚོགས་སྤྱི་པའི་ཁེ་ཕན་ལ་གནོད་པ་བཅས་རེད།
མཁར་དཀྱིལ་ཆུའུ་ཞིབ་དཔྱོད་ཁང་གིས་འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་ཞིབ་དཔྱོད་གྲོས་མགོ་བཏོན་ནས་སྡེ་ཁག་དག་གིས་ཞིང་སྤྱོད་སྲབ་སྐྱི་ཚུར་བསྡུའི་ལས་དོན་ཐུན་མོང་ཐོག་ལེགས་པོར་བསྒྲུབས་ཏེ། སྐྱེ་ཁམས་ཁོར་ཡུག་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱ་དགོས་པའི་ལྟ་སྐུལ་བྱས་པ་རེད།
འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་ཞིབ་དཔྱོད་གྲོས་མགོ་འབྱོར་རྗེས། ཞིང་སྤྱོད་སྲབ་སྐྱི་རྙིང་པ་ཕྱིར་བསྡུ་ཐག་གཅོད་དང་ཞིང་སྨན་ཐུམ་སྒྲིལ་དངོས་པོ་ཕྱིར་བསྡུ་བྱེད་པའི་ལས་དོན་ལ་ཤུགས་བསྣན་པ་དང་། རིམ་རྩིས་བྱས་ན་མི་ཐེངས100ལྷག་བཏང་ནས་སྲབ་སྐྱི་ཏུན10ལྷག་དང་ཞིང་སྨན་ཐུམ་སྒྲིལ་དངོས་པོ་སྤྱི་རྒྱ500ཕྱིར་བསྡུ་བྱས་ཏེ། ཞིང་པ་ཕྱིར་བསྡུ་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ལོ་གསུམ་ལ་བསྟུད་མར་ལུད་རྫས་དང་ཞིང་སྨན་ཉུང་གཏོང་དང་། ཕན་འབྲས་ཆེ་རུ་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་པར་མ་ཟད། སྒོར་ཁྲི355.9བཏང་ནས་ཞིང་ལས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་།
གྱོད་དཔེ་གསུམ་པ།
ཀྲོའུ་ཆེ་གེ་མོ་ཡིས་ཁྲིམས་འགལ་ངང་ཁེ་སྤོགས་འཚོལ་ཆེད། ཀྲུང་གོ་མཉམ་འབྲེལ་ཆ་འཕྲིན་ལྟེ་གནས་སུ་བྱ་བ་སྒྲུབ་བཞིན་པའི་ཁོའི་ཆུང་མ་བརྒྱུད་དེ་ཨང་གྲངས་བཟུང་ནས་ཀྲུང་གོ་མཉམ་འབྲེལ་མ་ལག་ཏུ་ཐོ་འགོད་བྱས་ཏེ། ཁ་པར་གྱི་ཁ་བརྡའི་ཟིན་ཐོ་འདྲི་རྩད་བྱས་པ་དང་། མི་གཞན་གྱི་ཨང་གྲངས་བླངས་རྗེས་མ་ལག་གིས་སྤྱོད་མཁན་ལ་ར་སྤྲོད་ཨང་བསྐུར་དུ་བཅུག་ནས་ཁྲིམས་འགལ་ངང་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན8000ལྷག་བླངས་པར་མ་ཟད་བཙོངས་ནས་ཁེ་ཕན་རེག ཀྲོའུ་ཆེ་གེ་མོས་ཁྲིམས་འགལ་གྱིས་སྤྱི་དམངས་སྒེར་གྱི་ཆ་འཕྲིན་བཙོངས་པའི་དབང་གིས་སྤྱི་དམངས་སྒེར་གྱི་ཆ་འཕྲིན་འབོར་ཆེན་ཕྱིར་ཤོར་ཏེ། སྤྱི་དམངས་ལིའུ་ཆེ་གེ་མོར་སྒོར་ཁྲི290ལྷག་གི་གྱོང་གུད་ཕོག་པ་རེད། སྤྱི་བདེ་ལས་ཁུངས་ཀྱིས་ཀྲོའུ་ཆེ་གེ་མོས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་བཏང་བའི་ནག་ཉེས་དེ་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་སྤྲད་པ་རེད།
2024ལོའི་ཟླ5པར། ཞུ་གཏུག་མ་བྱས་གོང་ལ་སྤྱི་བསྒྲགས་བྱས་ཏེ་ཁྲིམས་ལྟར་མཁར་ནུབ་ཆུའུ་མི་དམངས་ཁྲིམས་ཁང་ལ་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་བྱས་ཏེ། ཁྲིམས་ལྟར་ཀྲོའུ་ཆེ་གེ་མོར་སྤྱི་ཕན་གྱི་གནོད་འཚེ་སྐྱིན་ཚབ་སྒོར་ཁྲི6འཁུར་དགོས་པའི་བཀའ་བཏང་བ་དང་འབྲེལ་ཡོངས་བསྒྲགས་སུ་དགོངས་དག་ཞུ་རྒྱུའི་རེ་ཞུ་བྱས་པ་རེད།
གྱོད་གཞི་ཞིབ་གཅོད་བྱེད་པའི་རིང་ལ་ཀྲོའུ་ཆེ་གེ་མོས་འདུམ་སྒྲིག་བྱ་རྒྱུའི་གྲོས་མགོ་བཏོན་ནས་རང་འགུལ་ངང་སྐྱིན་ཚབ་སྒོར་ཁྲི6སྤྲད་པར་མ་ཟད། རྒྱལ་ཁབ་རིམ་པའི་སྨྱན་སྦྱོར་ཐོག་ཡོངས་བསྒྲགས་ངང་དགོངས་དག་ཞུས་པ་རེད། འདུམ་སྒྲིག་གྲོས་མཐུན་མི་དམངས་ཁྲིམས་ཁང་གིས་སྤྱི་བསྒྲགས་བྱས་པ་ཤིང་སྤྱི་བསྒྲགས་དུས་ཡུན་ནང་བསམ་འཆར་མི་འདྲ་བ་གང་ཡང་འབྱོར་མེད། 2024ལོའི་ཟླ7པར། མཁར་ནུབ་ཆུའུ་མི་དམངས་ཁྲིམས་ཁང་གིས་ཉེས་དོན་ཞོར་འབྲེལ་དམངས་དོན་སྤྱི་ཕན་གཏུག་བཤེར་འདུམ་འགྲིག་ཡི་གེ་བཏོན།
གྱོད་དཔེ་བཞི་པ།
མཁར་བྱང་ཆུའུ་ཞིབ་དཔྱོད་ཁང་གིས12345ཞུ་གཏུག་སྟེགས་བུ་བརྒྱུད་དེ། མང་ཚོགས་ཀྱིས་ཕྱི་རོལ་གྱི་ལུས་སྦྱོང་ཡོ་བྱད་དོ་དམ་སྲུང་སྐྱོང་སྐོར་གྱི་ཞུ་གཏུག་ཅུང་མང་བ་ཤེས་རྟོགས་བྱུང་བ་དང་། བརྟག་དཔྱད་བྱས་པ་བརྒྱུད། མངའ་ཁུལ་གྱི་ས་གནས་མང་པོ་ཞིག་གི་ཕྱི་རོལ་གྱི་སྤྱི་པའི་ལུས་སྦྱོང་ཡོ་བྱད་ལ་ལྷུ་ལག་མེད་པ་དང་སྒྲིག་ཆས་ལ་སྐྱོན་ཤོར་ནས་དུས་ཐོག་ཏུ་ཞིག་གསོ་མ་བྱས་པ། སྒྲིག་ཆས་མིང་བྱང་སྟེང་སྒྲིག་སྦྱོར་དུས་ཚོད་མ་བཀོད་པ་སོགས་ཀྱི་གནས་ཚུལ་ཡོད་པས་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་པ་ཐེབས་ཡོད།
2024ལོའི་ཟླ5པར། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་མངའ་ཁུལ་གྱི་གཞིས་ཁུལ་ཁག་གི་ལུས་སྦྱོང་ཡོ་བྱད་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་རྩད་གཅོད་བྱས་པ་དང་འབྲེལ་རྩིས་ཐོ་བཟོས་ཏེ། ལུས་སྦྱོང་ཡོ་བྱད70ལྷག་སྐྱོན་ཤོར་ཡོད་པ་ཤེས་རྟོགས་བྱུང་ནས་དུས་ཐོག་ཏུ་ཡོ་བྱད་ཞིག་གསོ་ཚོང་པ་གཏན་འཁེལ་བྱས་པ་དང་འབྲེལ་ཞིག་གསོ་ཡི་ལས་དོན་སྤེལ་བ་རེད།
གྱོད་དཔེ་ལྔ་པ།
2024ལོའི་ཟླ8པར། མཁར་ནུབ་ཆུའུ་ཞིབ་དཔྱོད་ཁང་གིས“གློག་སྐས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་གཅིག་བསྡུས་ཐག་གཅོད་བྱེད་པའི་ལས་དོན་སྐོར”གྱི་ཆེད་དོན་བྱེད་སྒོ་སྤེལ་བའི་ཁྲོད། མང་ཚོགས་ཀྱིས་ཁུངས་སྣེ་ཐེར་འདོན་བྱས་པ་ལྟར་ན། མངའ་ཁུལ་གྱི་གཞིས་ཁུལ་མང་པོས་བེད་སྤྱོད་བྱེད་བཞིན་པའི་གློག་སྐས་གང་མང་ཞིག་དུས་ཡུན་ལས་བརྒལ་ནས་ཞིབ་བཤེར་མ་བྱས་པ་དང་བེད་སྤྱོད་ཐོ་འགོད་དཔང་ཡིག་མ་ཐོབ་པ། བདེ་འཇགས་དོ་སྣང་དོན་ཚན་དང་ཞིབ་དཔྱད་ཚད་ལྡན་མཚོན་རྟགས་སྦྱར་མེད་པའམ་ཡང་ན་མངོན་གསལ་དོད་པའི་གནས་སུ་སྦྱར་མེད་པ་སོགས་ཀྱི་གནད་དོན་ཡོད་པས། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་པ་ཐེབས་ཡོད། བརྟག་དཔྱད་བྱས་པ་བརྒྱུད། གཞིས་ཁུལ་འགའ་ཡི་གློག་སྐས་ཁག་ཅིག་ལ་གོང་སྨོས་གནད་དོན་དེ་དག་གནས་པས། གློག་སྐས་འཁོར་སྐྱོད་བྱེད་པར་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་ཡོད།
2024ལོའི་ཟླ9པའི་ཚེས5ཉིན། མཁར་ནུབ་ཆུའུ་ཞིབ་དཔྱོད་ཁང་གིས་ཡོངས་བསྒྲགས་ངང་དཔང་ཉན་ཚོགས་འདུ་འཚོགས་ནས་སྡེ་ཁག་མང་པོ་སྒྲིག་འཛུགས་བྱས་ཏེ། མཉམ་འབྲེལ་གྱིས་མཐུན་སྦྱོར་བཅོས་སྒྲིག་བྱས་ནས་གློག་སྐས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐུན་མོང་ཐོག་ཐག་གཅོད་བྱས་པ་རེད།
ཞིབ་དཔྱོད་ལས་ཁུངས་ཀྱིས་དམིགས་བསལ་སྒྲིག་ཆས་ཆེད་མཁས་པ་གཉིས་གདན་འདྲེན་ཞུས་ནས་གྱོད་དོན་ཐག་གཅོད་པར་ཞུགས་ཏེ་ལས་དོན་སྤེལ་རོགས་བྱས། མངའ་ཁུལ་གྱི་སྲིད་འཛིན་ཁུལ་ནང་གི་གཞིས་ཁུལ་ཆེ་འབྲིང་གྲས8དང་། གཙོ་གནད་ཚོང་ལས་ཕྱོགས་བསྡུས་གཟུགས2ཀྱི་གློག་སྐས25ལ་སྐབས་བསྟུན་གྱིས་ཡུལ་དངོས་སུ་རྩད་ཞིབ་བྱས་ཏེ། བདེ་འཇགས་ཀྱི་མངོན་མེད་ཉེན་ཁ67ཡོད་པ་ཤེས་རྟོགས་བྱུང་བ་དང་ཆེད་མཁས་པས《མངོན་མེད་ཉེན་ཁ་ཞིབ་བཤེར་སྙན་ཞུ》བཏོན་པ་དང་། མཁར་ནུབ་ཆུའུ་ཞིབ་དཔྱོད་ཁང་གིས་འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་ཞིབ་དཔྱོད་གྲོས་མགོ་བཏོན།
ཞིབ་དཔྱོད་གྲོས་མགོ་འབྱོར་རྗེས། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་ཆུའུ་ཡོངས་སུ་གློག་སྐས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཆེད་དོན་ཞིབ་བཤེར་བྱས་ཤིང་། ཁྱོན་བསྡོམས་གཞིས་ཁུལ་དང་ཚོང་ལས་ཕྱོགས་བསྡུས་གཟུགས་ཀྱི་གློག་སྐས་སྤྱོད་མཁན་སྡེ་ཁག104ལ་ཞིབ་བཤེར་བྱས་པ་དང་གློག་སྐས188ལ་འཐེན་བཤེར་བྱས་པ། བཅོས་སྒྲིག་བྱ་དགོས་པའི་བརྡ་ཐོ་ཁག7བཏང་བ། གྱོད་དོན2ཐོ་འགོད་བྱས་པ། སྲིད་འཛིན་ཆད་གཅོད་སྒོར་ཁྲི2བཅད་པ་བཅས་རེད། དེ་དང་ཆབས་ཅིག་མཁར་ནུབ་ཆུའུ་ཞིབ་དཔྱོད་ཁང་གིས་གློག་སྐས་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ67ལ་དུས་ཐོག་ཏུ་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ནས་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་མེད་པར་བཟོས་པ་རེད།