ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་གྲོས་ཚོགས་བསྡུས་པ།

པར་ངོས། 1 2025ལོའི་ཟླ02པའི་ཚེས21ཉིན།

ཟླ2པའི་ཚེས17ཉིན། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་གྲོས་ཚོགས་དེ་བརྙན་རིས་རྣམ་པས་ཟི་ལིང་དུ་བསྡུས། གྲོས་ཚོགས་སུ་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་དང་། རྒྱལ་ཡོངས་ཁྲིམས་འཛིན་ཐིང་ཀྲང་གི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་ཁྲིམས་འཛིན་སྲིད་འཛིན་བྱ་བར་བཏོན་པའི་བླང་བྱ་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། བྱ་བར་ཕྱོགས་སྡོམ་དང་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། ད་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། 2024ལོར། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པར་རྐང་བཙུགས་ནས། སྤྱི་འདོམས་གཅིག་དང་འགན་ནུས་ལྔ་ལག་བསྟར་བྱས་ལ། བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་ཁྲོད་གོམ་སྟབས་སྔར་ལས་བརྟན་པོ་སྤོས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་ཁྲིམས་འཛིན་སྲིད་འཛིན་བྱ་བར་ཕན་འབྲས་གསར་པ་བླངས།

གྲོས་ཚོགས་སུ་ནན་གྱིས་བསྟན་དོན། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པའི་གཞི་རྩའི་རྩ་དོན་ལ་དམ་པོར་དམིགས་ནས། ཏང་ལ་དོ་དམ་དང་ཉེན་རྟོག་པ་བཅོས་སྐྱོང་ནན་མོ་བྱེད་པའི་གཞི་གདངས་ཇེ་དྲག་ཏུ་གཏང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་པ་དང་། ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་ལ། ཁྲིམས་མཐུན་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། བཅོས་སྒྱུར་གསར་གཏོད་ཀྱི་བརྗོད་གཞི་དམ་འཛིན་ནན་མོ་བྱ་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་འགན་འཁྲི་དང་རྨང་གཞི་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལས་སྒོ་གཙོ་བོ་སྔར་ལས་དམ་འཛིན་ལེགས་པོ་བྱ་དགོས། བདེ་འཇགས་བརྟན་བརླིང་གི་རྩ་བའི་ཚད་མཐའ་ལ་དམ་པོར་དམིགས་པ་དང་། འགལ་བ་དང་རྩོད་གཞི་སེལ་བར་སྐུལ་འདེད་བཏང་སྟེ། བདེ་འཇགས་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་ཕྲག་ཏུ་འཁུར་དགོས། མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་ལ་དམ་པོར་དམིགས་པ་དང་། ཁྲིམས་ལུགས་ཀྱི་ཞབས་ཕྱི་ལེགས་སྒྱུར་བྱས་ནས། འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་བྱེད་པ་དང་། དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་གཙོ་ཐིག་སྔར་ལས་དམ་པོར་འཛིན་དགོས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་བརྗོད་བྱར་དམ་པོར་དམིགས་ནས། ནང་གནས་སྒུལ་ཤུགས་སྐུལ་སྤེལ་བྱེད་པ་དང་། དངོས་སྒྲུབ་སྔོན་བརྩོན་གྱི་ལས་སྒྲུབ་པ་གཙོ་བོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས།