(མགོ་ལོག) གནུབས་རྒྱལ་མཚན།པར་ངོས། 4 2021ལོའི་ཟླ07པའི་ཚེས23ཉིན།
ཞེ་དྲོ་ཞེ་འཁྱག་ཁྱེད་ནི་མེ་ཕུང་ཡིན་ནམ་ཆབ་རོམ་ཡིན། །
ཉིན་འགྲོགས་མཚན་འགྲོགས་འུ་གཉིས་མིང་སྲིང་ཡིན་ནམ་ཁྱོ་ཤུག་ཡིན། །
ཡུན་འདྲེས་རྒྱང་བཀྱེད་བར་ཐག་ཤོར་རུང་སླར་ཡང་འཛོམས་འདོད་འདི། །
འདོད་པ་ཡིན་ནམ་འཁོར་བ་ཡིན་ནམ་རྣམ་དག་བརྩེ་དུངས་ཡིན། །
སྙིང་དུ་སྡུག་ཅིང་བློ་རུ་འཇགས་པ་སྙིང་རྗེ་ཡིན་ནམ་ཀྱེ། །
ཡིད་ལ་དྲན་པ་དྲན་པས་གདུང་བ་དགའ་བ་རེད་དམ་ཨེ། །
ལྷན་དུ་གནས་ན་སྣང་བ་འདྲེས་ཏེ་ཡངས་པའི་མཁའ་དབྱིངས་བསྐོར། །
ཕྱོགས་སུ་གྱེས་ཚེ་ཞེ་རྩ་སྨྲེང་བ་འདང་བརྩེའི་རྐྱེན་ཡིན་ནམ། །
ལྟེ་ཁྲག་མཆེད་ཡུལ་ཡུལ་གཅིག་གནམ་སྔོན་ས་ལྗང་གཡང་གི་ལུང་། །
ལང་ཚོའི་པད་དཀར་ཆུན་པོ་སུམ་འཛོམས་རྟེན་ཡག་མཚེར་གཅིག་ཏུ། །
ལེགས་འཁྲུངས་མཛེས་སྡུག་གར་གྱི་འདབ་ཡོལ་ལྕུག་ལྕུག་བསྐྱོད་ཅེས་པ། །
དགའ་བསོད་ཡིན་ནམ་འདང་ཐུགས་ཡིན་ནམ་དམ་ཚིག་གཙང་རྐྱེན་ཡིན། །
ཉིན་དྲན་མཚན་དྲན་ཁྱེད་ནི་ཉི་མ་ཡིན་ནམ་ཟླ་བ་ཡིན། །
ཡང་ཀློག་བསྐྱར་འབྲི་ཁྱེད་ནི་གསུང་རབ་ཡིན་ནམ་ལྷ་རིས་ཡིན། །
སླར་རྨི་རྒྱུན་རྨི་ཁྱེད་ནི་མནལ་ལམ་བརྗོད་བྱའི་གཞུང་ལུགས་ཀྱི། །
ལྟ་བས་ཆོག་དང་བྲལ་བའི་མེ་ཏོག་ཡིན་ནམ་དབྱར་ཁ་ཡིན། །
ཁ་འདྲེས་ཞེ་མཐུན་ཁྱེད་ནི་ཚེ་གྲོགས་ཡིན་ནམ་སྙིང་སྲོག་ཡིན། །
དྲན་ཞིང་བརྗེད་མེད་ཁྱེད་ནི་སྙན་ངག་ཡིན་ནམ་གཏམ་རྒྱུད་ཡིན། །
གཏན་དུ་ཁྱོད་དུངས་ཁྱེད་ནི་སྙིང་སྡུག་སྲོག་གི་རྩ་རྐང་གི །
དུངས་པས་ཡིད་མི་ཚིམས་པའི་ན་བཟའ་ཡིན་ནམ་གདམས་ངག་ཡིན། །