སྤྱི་འཁོར་ནང་གི་སྒྲུང་།

(ཟི་ལིང) ཚེ་སྒྲོན་སྐྱིད།པར་ངོས། 4 2021ལོའི་ཟླ07པའི་ཚེས23ཉིན།

(ཟི་ལིང) ཚེ་སྒྲོན་སྐྱིད།

སྐུ་འབུམ་དགོན་འདབས་ཀྱི་སྤྱི་འཁོར་འབབ་ཚུགས་སུ།སྤྱི་འཁོར་ཨང909ཞིག་ཟི་ལིང་གི་ཕྱོགས་སུ་འགྲོ་བར་རྩོམ།ཕྱོགས་བཞི་ནས་ཡོང་བའི་རྒྱ་བོད་སོག་གསུམ་གྱི་ལྟད་མོ་བ་དང་དད་ལྡན་འགྲུལ་བ་མང་པོ་འཚང་ཁ་རྒྱག་གིན་སྤྱི་འཁོར་ནང་བུད།མི་གྲིམ་པོ་དག་གིས་རང་རང་ལ་དབང་བའི་རྐུབ་ཀྱག་རེ་ལོན་པ་དང་སོ་སོའི་གདོང་ལ་རྒྱལ་ཁའི་མདངས་རེ་ཤར།མཁྲིག་མར་ཕྲེང་བ་དཀྲིས་པའི་གཞོན་ནུ་མ་སྐྲ་སེར་ཞིག་ཀྱང་ཁ་ལོ་བའི་རྒྱབ་ཏག་ཏག་ན་ཡོད་པའི་ཐེམ་ཁའི་ཐོག་གི་འཕྲེད་བཞག་རྐུབ་ཀྱག་ལ་བསྡད།ཕྱིའི་གྱོན་པ་དང་གདོང་གི་དྭངས་ཆ།ལང་ཚོའི་མཛེས་པ་བཅས་ཀྱིས་སྐྲ་སེར་མ་དེ་ཀུན་ལས་ལྷང་ལ་བུད་འདུག

སྐར་མ་ཁ་ཤས་ཀྱི་རིང་རྐུབ་ཀྱག་ཕར་ཞོག་སྤྱི་འཁོར་གྱི་བར་ཤུར་དུའང་གཟུགས་རིང་ཐུང་གཉིས་ཀ་འཚང་སྟེ་བྱིས་པ་ཞིག་ཀྱང་འགྲོ་མི་ཐུབ་པའི་ཚད་དུ་སླེབས།

སྤྱི་འཁོར་གྱི་སྒོ་གཏན་རན་ཁར་སྐྱེས་མ་ཡར་ཟག་ཅིག་སྤྱི་འཁོར་ནང་བུད་དེ་ཤོག་སྒོར་ལྔ་བཅུ་ཅན་ཞིག་ཁ་ལོ་བར་གཏད།ཁ་ལོ་བས་རྒྱ་སྐད་ཀྱིས“སྒོར་བཞི་རེད།སིལ་སྒོར་གྲ་སྒྲིག་བྱས་མེད་དམ།རྩ་གཉིས་ཨང་གྲངས་བཤེར་ཏེ་སྒོར་མོ་བྱིན་ཆོག་པ་རེད”ཅེས་འཚིག་པ་ཟ་བའི་ངང་བཤད།

སྐྱེས་མ་དེ་ཅུང་འཚུབ་ཏེ་ལག་གི་ཕྲེང་བ་རང་གི་སྐེ་ལ་བསྐོན་པ་དང་།ལག་པས་རྐང་སྣམ་དང་སྟོད་ཐུང་ཁུག་མའི་ནང་ཡར་སློག་མར་བཙལ་འགའ་བྱས་རྗེས་མཚོ་སྔོན་གྱི་རྒྱ་སྐད་ད་མ་དིག་གིས“མེད་གི”ཅེས་བཤད།ཁ་ལོ་བས་ཁ་རི་ངོ་མདོག་སྡུག་ཅིང་གོན་པ་ཅུང་ངན་པའི་སྐྱེས་མ་དེར་ཅེར་རེར་ལྟ་བ་ལས་ཅི་ཡང་མ་སྨྲས།སྐྱེས་མ་དེས་རྒྱབ་ཁུག་སྔོན་ལ་བླངས་ཏེ་ནང་དུ་གློང་གློང་རྗེས་མེད་པའི་བརྡ་བསྟན།ཁ་ལོ་བས་སྤྱི་འཁོར་གྱི་སྒོ་ཕྱེས་ཏེ་རྒྱ་སྐད་ཀྱིས“སིལ་སྒོར་མེད་ན་རླངས་འཁོར་ལས་མར་བོབས”ཞེས་མིག་གིས་སྣང་ཆུང་ངང་ལྟ་བཞིན་བཤད།སྐྱེས་མ་དེའི་ངོ་མདངས་དམར་ནག་ཏུ་གྱུར་པ་དང་མཚོ་སྔོན་གྱི་རྒྱ་སྐད་ད་མ་དིག་གིས“ཁ་ལོ་བ་ལེ་ལེ།ང་དེ་རིང་ངེས་པར་ཡུལ་ལ་ལོག་དགོས།རླངས་འཁོར་རྗེས་མའི་ནང་བསྡད་ན་འཕྱི་འགྲོ།ཁ་ལོ་བ་ལེ་ལེ”ཞེས་སྐད་ཀྱི་གདངས་ཀྱང་འདར་བཞིན་ཁ་ལོ་བར་ཞུ་བ་བྱས།

ཁ་ལོ་བ་གཏིང་ནས་ཁྲོས་ཏེ་རྒྱ་སྐད་ཀྱིས“ཅི་ཟེར།ཁྱོད་ཡུལ་ལ་ལོག་དགོས་ན་ང་ལ་འབྲེལ་བ་ཅི་ཡོད།ཧུན།མགྱོགས་པོར་མར་བོབས”ཞེས་ངར་ངར་རྫིག་རྫིག་གིས་བཤད།

སྐབས་དེར།ཁ་ལོ་བའི་རྒྱབ་ཏག་ཏག་ན་བསྡད་ཡོད་པའི་བུ་མོ་སྐྲ་སེར་མ་དེ་འཕྲལ་མར་ལྡེམ་མྱུར་གྱིས་ཐེམ་ཁ་ལས་མར་བབས་ཤིང་།བྱང་ཆ་ལྡན་པའི་ངང་རྒྱབ་ཁུག་ལས་སྤྱི་སྤྱོད་བྱང་བུ་ཞིག་ཕྱིར་བཏོན་ཏེ་རང་དང་ཐག་ཉེ་སར་ཡོད་པའི་སྡུད་བྱང་ཀློག་འཕྲུལ་ངོས་སུ་ཏའེ་ཞེས་བཤེར་རྗེས།བོད་སྐད་དག་མོས“ཨ་ཅེ།ཁྱོད་ཀྱི་སྒོར་མོ་ངས་བྱིན་ཡོད།འདིར་སྡོད”ཅེས་སྐྱེས་མ་དེ་སྐྱོར་བཞིན་རང་གི་རྐུབ་ཀྱག་སྟེང་སྡོད་དུ་བཅུག

“ད་འགྲིག་ཐལ།ཁྱོད་མིན་རྒྱུ་ན་དེ་རིང་ང་ཡུལ་ལའང་འགྲོ་ཐུབ་རྒྱུ་མ་རེད།དྲིན་ཆེན་མ”སྐྱེས་མ་དེའི་སེམས་ལྷོད་ལ་བབས་ཏེ་བཤད་པ་དང་འཕྲལ་མར་སྐེའི་ཕྲེང་བ་བླངས་ཏེ་མུ་མཐུད་ཁ་ཏོན་འདོན་མགོ་བརྩམས།

སྤྱི་འཁོར་འབབ་ཚུགས་རེར་ཐོན་རྗེས་འབབ་མཁན་ཉུང་ལ་འབུད་མཁན་མང་བས་སྤྱི་འཁོར་ནང་གི་དྲོད་ཚད་ཇེ་ཆེར་སོང་བ་དང་དྲི་མ་ཡ་མཚན་ཞིག་ཀྱང་འཐུལ་ཡོང་།རླངས་འཁོར་བགྲོད་པའི་འགྲོས་དང་བསྟུན་ནས་བར་ཤུར་ན་ལངས་པའི་མི་རྣམས་ཕར་གཡུག་ཚུར་སྒུལ་བྱེད།སྐྲ་སེར་མའི་གདོང་མདོག་དམར་པོར་གྱུར།ལག་པ་གཡས་གཡོན་བརྗེ་རེས་ཀྱིས་ལག་སྐྱོར་ལ་དམ་པོར་འཇུས།མོའི་སྐྲ་གསེབ་ནས་རྔུལ་ཆུ་ཙིམ་ཙིམ་བྱེད་ཅིང་།རྒྱབ་ཁུག་ལྕི་དྲགས་པས་ལུས་ཀྱིས་མ་ལྕོགས་པའི་ཉམས་སྟོན།སྐྲ་སེར་མའི་གམ་གྱི་བོད་པ་སྐྱེས་མ་དེས་མོ་རང་གི་རྐང་ལྷམ་ལ་ཡུད་ཙམ་བལྟས་པ་དང་ཁ་ཏོན་འདོན་མཚམས་བཞག་སྟེ་སྐྲ་སེར་མར“ངའི་ལྷམ་འདི་ད་ཐེད་ཐལ།ངོ་མ་སྲ་མོ་ཞིག་རེད།ན་ནིང་ཟླ་བ་གཅིག་ལ་སྐུ་འབུམ་ནས་ཕྱག་སྐོར་བྱས།ད་ལོ་ཡང་ཟླ་བ་གཅིག་ལ་གོན།ད་ཐེད་ཐལ”ཞེས་གཟི་བརྗིད་ཀྱིས་བཤད།སྐྲ་སེར་མས་སྐྱེས་མ་དེའི་རྐང་མགོར་བལྟས།སྐྱེས་མ་དེའི་རྐང་མགོའི་ལྷམ་མདོག་ཡལ་ཞིང་སྣ་ཏོ་ཟད་དེ་འབུ་ཁུང་ལྟ་བུའི་བུ་ག་ཆུང་ཆུང་ཞིག་བརྡོལ་བ་ལས་རྐང་བའི་མཐེབ་རྒན་ཚི་དྲེག་ཅན་དེའི་ཕྱེད་ཙམ་ཡང་ཕྱིར་འཇུར་འདུག སྐྱེས་མ་དེས་ཅུང་ང་རྒྱལ་གྱི་ཉམས་ཀྱིས་རང་གི་ཐོད་པར་རེག་རེག་བྱས།སྐྱེས་མ་དེའི་ཐོད་པར་ཕྱག་འབུར་རིལ་མ་ཙམ་ཞིག་ཀྱང་བཏོད་འདུག སྐྲ་སེར་མས་གཙང་ཤོག་གིས་རང་གི་དཔྲལ་བའི་རྔུལ་ཆུ་འབྱིད་བཞིན“ཨ་ཅེ་ཁྱེད་ངོ་མ་དད་པ་ཅན་ཞིག་རེད།ང་ལ་མཚོན་ན་ཉིན་གཅིག་གི་ཁ་ཏོན་དང་ཕྱག་གསུམ་པོའང་སྐབས་རེར་ཆད་འགྲོ”ཞེས་དད་པ་དག་སྣང་གིས་བཤད།

“ངའི་བུ་མོ་དང་ཁྱེད་གཉིས་ཕལ་ཆེར་ན་ཚོད་གཅིག་རེད།ངའི་བུ་མོའང་སློབ་གྲྭ་ནས་ཕྱིར་ཁྱིམ་ལ་ཡོང་ན་དཔེ་ཆ་འདོན་རྒྱུ་དང་ཁ་པར་སྣོག་རྒྱུ་ལས་ཅི་ཡང་མི་ཤེས།ཁ་ཏོན་དགའ་ཞིག་མི་འདོན།ཕྱག་དགའ་ཞིག་མི་འཚལ།དེང་སང་གི་ལོ་ཆུང་ཚོ་ཆོས་བསྒྲུབ་རྒྱུར་མི་དགའ་གི་ཡ”སྐྱེས་མ་དེས་དེ་ལྟར་བཤད། སྐྲ་སེར་མ་ཅུང་ངོ་གནོངས་ཏེ་མགོ་བོ་གུག་ཙམ་བྱས།

སྤྱི་འཁོར་ཨང909སྤྱི་ལེ་བཅུ་ལྷག་བགྲོད།ཉི་མའི་ཚ་གདུག་སྒེའུ་ཁུང་གི་ཤེལ་སྒོ་ལས་སྤྱི་འཁོར་ནང་ཤུགས་ཆེན་པོས་འཕྲོས་ཤིང་བར་ཤུར་དུ་ལངས་ཡོད་པའི་སྐྲ་སེར་མའི་སྤྱི་གཙུག་ལ་རབ་ཏུ་ཕོག རྒྱབ་ཁུག་ཇེ་བས་ཇེ་ལྕི་རུ་གྱུར་ཅིང་སྐྲ་སེར་མའི་སྒལ་གཞུང་རྔུལ་ཆུས་བརླན།མོས་ལག་ཡས་ལྗིད་ཏིག་ཏིག་གི་རྒྱབ་ཁུག་བཟུང་བ་དང་།ལག་ཡས་སྔར་བཞིན་ལག་སྐྱོར་ལ་དམ་པོར་འཇུས།ཚ་བས་མ་བཟོད་པ་དང་རྐང་བས་ཀྱང་མ་ལྕོགས་པས་སྐྲ་སེར་མས་ཡར་མར་ལ་མིག་གིས་རིག་རིག་བལྟས་པ་ན་བར་ཤུར་གྱི་མི་ཅུང་ཉུང་དུ་སོང་ཡོད་ཀྱང་རྐུབ་ཀྱག་སྟོང་བ་གཅིག་ཀྱང་མེད།སྐྲ་སེར་མས་དབུགས་རིང་ཞིག་འཐེན།

ནད་པ་དྲག་ན་སྨན་པ་བརྗེད་ཅེས་པ་བཞིན།སྐྲ་སེར་མས་ལག་སྔ་བརྩད་དེ་ཐོབ་པའི་རྐུབ་བཀྱག་དེ་སྐྱེས་མ་དེར་ཡོངས་སུ་དབང་ཟིན་པ་འདྲ།མོས་སྔར་བཞིན་ཁ་མུར་མུར་གྱིས་ཁ་ཏོན་འདོན་བཞིན་འདུག

དུས་ཚོད་གཅིག་ལྷག་བགྲོད་རྗེས།རླངས་འཁོར་ནང་རིམ་གྱིས་ལྷོད་ཡངས་སེར་གྱུར་པ་དང་རྐུབ་ཀྱག་སྟོང་བ་ཞིག་ཀྱང་བྱུང་བས་སྐྲ་སེར་མ་གཞི་ནས་རྐུབ་ཀྱག་སྟེང་འདུག་ཐུབ་པ་བྱུང་།སྐྲ་སེར་མའི་མུ་ཏིག་བཞིན་དྭངས་པའི་མིག་ཟུང་ལས་དག་སྣང་གི་མདངས་ཤིག་འཕྲོས།མོས་ཀྱང་གོམས་སྲོལ་ལྟར་མཁྲིག་མའི་ཕྲེང་བ་བླངས་ཏེ་ཁ་ཏོན་འདོན་མགོ་བརྩམས།