ཟླ4པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཅང་སུའུ་ཞིང་ཆེན་དུ་སོང་ནས་རྟོག་ཞིབ་བྱས་པ་དང་། ཞིང་ཆེན་གཉིས་ཀྱིས་ནན་ཅིང་དུ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་ཅང་སུའུ་རུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འཆར་འགོད་བྱེད་པར་རྐང་བཙུགས་ཏེ། རོགས་སྐྱོར་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་བཏང་ཞིང་། ཞིང་ཆེན་གཉིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་རིས་གསར་པ་མཉམ་དུ་བྲིས། ཅང་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞུའེ་ཁུན་ལིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར། ཤར་ནུབ་རྒྱུད་མཉམ་ལས་བཅས་ཀྱི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས།
ཞིན་ཁྲང་ཞིན་གྱིས་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཅང་སུའུ་རུ་རྟོག་ཞིབ་བརྗེ་རེས་བྱེད་དུ་ཡོང་བར་དགའ་བསུ་ཞུས་པ་དང་། མཚོ་སྔོན་གྱིས་དུས་ཡུན་རིང་པོར་ཅང་སུའུ་ཡི་འཕེལ་རྒྱས་ཐད་རོགས་རམ་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་བླངས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པའི་སྟེང་འབད་པས་བསྐྱོད་པ་གང་ཡིན་རུང་། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་སེམས་ཤུགས་གཅིག་སྒྲིལ་དང་དཔུང་བ་མཉམ་གཤིབ་བྱས་ཏེ། ཁ་གཏད་རོགས་སྐྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཡོད། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ཞིང་། རང་ངོས་ཀྱི་དགེ་མཚན་འདོན་སྤེལ་ལེགས་པོ་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་པའི་ཐད་འཕེལ་རིམ་གསར་པར་སླེབས་ཡོད། ང་ཚོ་མཚོ་སྔོན་གྱིས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་བླངས་པར་ཧ་ཅང་དགའ་ཡོད་ལ། མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་པས་གོ་སྐབས་དམ་འཛིན་བྱས་ནས་གསར་འབྱེད་བྱེད་ཕོད་པའི་སྤྱོད་ཚུལ་ལེགས་པོར་ཡིད་སྨོན་བྱེད་བཞིན་ཡོད། མགོ་རྩོམ་ས་གསར་པའི་སྟེང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། མཚོ་སྔོན་གྱི་དགོས་མཁོ་དང་ཅང་སུའུ་ཡི་ནུས་པ་ཟུང་འབྲེལ་ལེགས་པོ་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་ཁུར་བ་དང་བརྩེ་སེམས་ཟབ་མོ་བཅངས་ནས། འཐབ་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་མཐུན་སྦྱོར་མཉམ་འགུལ་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་དགེ་མཚན་གསབ་རེས་བྱེད་པ། དམངས་ཚིས་བདེ་སྐྱིད་ལེགས་སྒྱུར་ཐད་ལག་རྡང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་མཉམ་ཤུགས་འདོན་པ་བཅས་བྱས་ཏེ། ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་པ་དང་། དུས་རབས་གསར་པའི་ཅང་སུའུ་དང་མཚོ་སྔོན་མཉམ་ལས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ནས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་བཅས་ཀྱི་ཚབ་བྱས་ནས་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་པ་དང་། མ་དངུལ་མང་པོ་བཏང་ཞིང་སེམས་པ་རྣམ་དག་གིས་རོགས་སྐྱོར་བྱས་ལ། དངོས་སྒྲུབ་རྒུད་སྐྱོབ་དམ་འཛིན་བྱས་ཏེ། མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་ཐད་སྒུལ་ཤུགས་དྲག་པོ་བསྣན་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་གཞི་ཆེན་མོའི་དྲོད་ཁོལ་ཚོར་ཐུབ་པར་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཐེངས་གསུམ་ལ་གཟིགས་ཞིབ་ཏུ་ཕེབས་པ་དང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ང་ཚོས་ཅང་སུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་བྱས་པའི་ཆབ་སྲིད་ཀྱི་ལངས་གནས་ལ་སློབ་སྦྱོང་བྱེད་པ་དང་། ཅང་སུའུ་ཡིས་འགན་འཁྲི་ཆེན་པོ་འཁུར་ཕོད་པའི་ལས་འགན་ཁག་ཁུར་ལ་སློབ་སྦྱོང་བྱེད་པ། ཅང་སུའུ་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་པོར་སློབ་སྦྱོང་བྱས་ཏེ། བློ་རྩ་བརྟན་ཞིང་རང་འགུལ་སྒོས་མཚོ་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་རྩོམ་པའི་ལོ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་རེད། ཞིང་ཆེན་གཉིས་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་འཇོན་མི་སྐྱེད་སྲིང་བརྗེ་རེས་བྱེད་པ། དམངས་ཚིས་འགན་སྲུང་དང་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་མཉམ་ལས་ཀྱི་བར་སྟོང་སྔར་ལས་རྒྱ་བསྐྱེད་དེ། གཙང་པོའི་མགོ་ཁུངས་གཅིག་གི་བརྩེ་བ་དང་སེམས་ཤུགས་གཅིག་སྒྲིལ་གྱི་སྟོབས་ཤུགས་ལ་བརྟེན་ནས། མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་པ་མཉམ་དུ་འབྲི་བའི་རེ་བ་བཅངས་ཡོད།
ཅང་སུའུ་རུ་རྟོག་ཞིབ་བྱེད་སྐབས། རང་ཞིང་གི་ཏང་སྲིད་འཐུས་ཚབ་ཚོགས་པས་ཡོན་ལུས་གཞི་གྲངས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི་དང་། ཀྲུང་ཞིན་འཕྲིན་གཏོང5Gརིག་ནུས་བཟོ་སྐྲུན་རྟེན་གཞི། ཨེ་སི་ཏོན་རང་འགུལ་ཅན་མ་རྐང་ཚད་ཡོད་ཀུང་ཟི་བཅས་སུ་རྟོག་ཞིབ་བྱས།
ཅང་སུའུ་ཞིང་ཆེན་གྱི་མགོ་ཁྲིད་པ་ཀྲུའུ་པའོ་ཧུང་དང་། མཱ་ཞིན། ཞཱ་ཞིན་མིན། ཁྲིན་ཀྲི་ཁྲང་། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཝུའུ་ལཱ་ཙི་པེ་ཁི·རེ་སུའུ་ལིས་ཧན། ལོའུ་ཀང་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།