ཟླ4པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དུ་སོང་ནས་རྟོག་ཞིབ་བྱེད་པའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེའོ་ཉིང་ལེའོ་དབྱང་གྲོང་ཁྱེར་པའེ་ཐཱ་ས་ཁུལ་གྱི་ཟ་ཁང་ཞིག་ཏུ་མེ་སྐྱོན་བྱུང་བའི་དོན་རྐྱེན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། གོ་རིམ་རྗེས་མའི་ལག་བསྟར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱིས། དུས་ནམ་ཡང་མི་དམངས་ཀྱི་བདེ་སྡུག་ལ་ཐུགས་ཁུར་བྱེད་པའི་མི་དམངས་བསམ་པའི་བརྩེ་སེམས་དང་རྒྱུན་འཁྱོངས་ལྷོད་མེད་སྒོས་བདེ་འཇགས་ཐོན་སྐྱེད་བྱ་བར་མཐོང་ཆེན་བྱེད་པའི་ཉེན་ཁའི་འདུ་ཤེས་མངོན་པར་བྱས་ལ། ང་ཚོས་ཉེན་ཁ་འགོག་ཟོན་དང་བདེ་འཇགས་སྲུང་སྐྱོབ། བརྟན་འཇགས་སྲུང་སྐྱོབ་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པའི་ཐད་ཁ་ཕྱོགས་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲི་འདུ་ཤེས་བཅངས་ནས། ཆབ་སྲིད་གླེང་བའི་མཐོ་ཚད་ནས་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། དོན་རྐྱེན་ཐད་ཀྱི་བསླབ་བྱ་ལེན་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་གཅིག་ཤེས་ཀུན་གྲོལ་བྱེད་པ། མྱུར་དུ་བྱེད་ཐབས་སྤྱད་དེ། བདེ་འཇགས་ཉེན་ཁར་འགོག་ཟོན་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ནི་ཆབ་སྲིད་ཀྱི་ཡིག་ཆ་གལ་ཆེན་ཡིན་པས། ངེས་པར་དུ་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། རིགས་མི་འདྲ་བའི་ཉེན་ཁ་སྣ་ཚོགས་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་དང་དོན་འཁྱོལ་ནན་མོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་དོན་རྐྱེན་ཆེན་པོ་འབྱུང་བར་འགོག་ཟོན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་ལ་ཁག་ཐེག་བྱེད་དགོས། ཏང་ཨུ་དང་སྲིད་གཞུང་གི་རང་ཁོངས་འགན་འཁྲི་དང་ལས་རིགས་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་གཙོ་གཞིའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ལས་རིགས་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་དང་། ལས་སྒོར་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་ཚོང་གཉེར་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཉམ་སྡོམ་མཉམ་འཛིན་གྱི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས། ལྔ་གཅིག་དུས་ཆེན་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་བཀོད་གཏོང་ལ་ཤུགས་སྣོན་པ་དང་། མེ་འགོག་མེ་གསོད་བདེ་འཇགས་དང་འགྲིམ་འགྲུལ་སྐྱེལ་འདྲེན། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་བརྟན་འཇགས་ཐད་ཀྱི་མི་འདང་ས་གཙིགས་འཛིན་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། འབུར་ཐོན་གནད་དོན་ཐག་གཅོད་བྱས་ནས། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་ཀྱི་དུས་ཆེན་ཞིག་རོལ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།