ཟླ4པའི་ཚེས23ཉིན། ཞིང་ཆེན་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་བྱ་བའི་གྲོས་ཚོགས་དང་སྡེ་བའི་སྐོར་ཞིབ་བྱ་བའི་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་གཟིགས་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཕྱོགས་ཡོངས་ནས་རྒྱལ་ཡོངས་སྐོར་གཟིགས་བྱ་བའི་གྲོས་ཚོགས་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་གིས་ཞིང་ཆེན་ལ་སྐོར་གཟིགས་བྱེད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་སྐོར་གཟིགས་ངེས་གནས་བརྟན་སྲུང་བྱེད་པ། གཅིག་འདོམས་འཆར་འགོད་ལ་ཤུགས་སྣོན་པ། རྩ་འཛུགས་ལག་བསྟར་ཞིབ་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནི་སྐོར་གཟིགས་སྐོར་ཞིབ་བྱ་བ་ལེགས་པོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན། སྐོར་གཟིགས་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དམ་འཛིན་བྱེད་པ་དང་། སྐོར་གཟིགས་ལེགས་བཅོས་དེ་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས། གནད་དོན་གྱི་ཁྲིད་ཕྱོགས་དང་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། དངོས་ཐོག་བདེན་འཚོལ་དང་སྲོལ་མཐུན་སྒྲིག་མཐུན་ལུགས་མཐུན་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཅོས་སྒྱུར་ལས་འགན་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྡེ་བ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མཇུག་མཐའི་སྤྱི་ལེ་གཅིག་ཡིན་ལ། སྡེ་བའི་སྐོར་ཞིབ་བྱ་བ་ལེགས་པོར་སྒྲུབ་རྒྱུ་ནི་མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན། སྡེ་བའི་སྐོར་ཞིབ་དམ་འཛིན་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་སོགས་ཀྱི་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་པ་དང་། སྨན་བཅོས་སློབ་གསོ་དང་། རྒན་གསོ་དང་སྤྱི་ཚོགས་འགན་བཅོལ། བདེ་འཇགས་ཐོན་སྐྱེད། ཟས་རིགས་སྨན་རིགས། ཁྲིམས་བསྟར་ཁྲིམས་འཛིན་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་དམ་པོར་དམིགས་ནས། གཞི་གཅིག་འཆར་འགོད་དང་གཞི་གཅིག་བཀོད་སྒྲིག གཞི་གཅིག་སྐུལ་འདེད་བཅས་བྱེད་པ་དང་། ཚོར་ཐུབ་ལ་དངོས་སུ་མཐོང་ཐུབ་པའི་དོན་དངོས་སྐོར་ཞིག་འགྲུབ་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། མང་ཚོགས་ཀྱིས་སྤྱོད་གཙང་སྲོལ་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་དེ་རང་གི་ཉེ་འགྲམ་དུ་ཡོད་པ་དངོས་སུ་ཚོར་དུ་འཇུག་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྐོར་གཟིགས་ནི་ཆབ་སྲིད་ཀྱི་སྐོར་གཟིགས་ཡིན་ལ། ལེགས་བཅོས་ནི་ཆབ་སྲིད་ཀྱི་འགན་འཁྲི་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྐོར་གཟིགས་ལེགས་བཅོས་དེ་སྲུང་སྐྱོང་གཉིས་ལ་ཚད་ལེན་བྱེད་པའི་ཚད་ཤིང་གཙོ་བོར་འཛིན་པ་དང་། ལེགས་བཅོས་ཀྱི་དྲི་བར་ལན་ཡག་པོ་འདེབས་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་སྐོར་གཟིགས་དང་ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཀྱི་ཕྱིར་ལྡོག་གནད་དོན་ལེགས་བཅོས་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་དང་། གནད་དོན་རེ་རེའི་ཞན་སར་ཁ་སྣོན་དང་མི་འདང་སར་ཁ་གསབ་བྱས་ཏེ། ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་དགོས། ཏང་ཨུ་ཏང་ཙུའུ་དང་ལྷག་པར་དུ་ཧྲུའུ་ཅི་ཡིས་ལེགས་བཅོས་ཀྱི་འགན་འཁྲི་གཙོ་བོ་དང་འགན་འཁུར་མཁན་དང་པོའི་འགན་འཁྲི་ཕྲག་ཏུ་བླངས་ཏེ། དཀའ་གནད་གཙོ་གནད་ཀྱི་གནད་དོན་དམ་འཛིན་བྱས་ནས་སྒྱུར་བཅོས་བྱེད་པར་དམིགས་པ་དང་། ལེགས་བཅོས་ཀྱི་མཇུག་མཐའི་བྱ་བ་ལེགས་པོར་བསྒྲུབ་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་སྐོར་གཟིགས་ལེགས་བཅོས་ཀྱི་ལྟ་སྐུལ་འགན་འཁྲི་འཁུར་ནས། ལེགས་བཅོས་སླ་བཅོས་དང་ལེགས་བཅོས་རྫུན་བཟོ་བྱས་པའི་འགན་འཁྲི་བདའ་འདེད་ནན་མོ་བྱེད་པ་དང་། ལས་བྱེད་པས་གོང་འོག་གཉིས་ཀའི་བྱ་བ་བསྒྲུབ་ཐུབ་པ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་བཅོས་མགོ་ཁྲིད་ཀྱིས་རང་འགུལ་ངང་འགན་འཁྲི་འཁུར་ནས། འགན་བཅོས་སྡེ་ཁག་གིས་ལེགས་བཅོས་དམ་འཛིན་བྱེད་པར་མགོ་ཁྲིད་དང་མཛུབ་སྟོན། ལྟ་སྐུལ་བཅས་བྱེད་པ་དང་། ལེགས་བཅོས་ཀྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུ་བརྙན་རིས་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཤིང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་སུ་ཡན་ལག་ཚོགས་ར་བཙུགས། ལིའུ་མའེ་ཕིན་གྱིས་མགོ་འཛིན་བྱས་པ་དང་། ཀྲའོ་ཡའེ་ཞཱ་ཡིས་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ལ། ཝུའུ་ལཱ་ཙི་པེ་ཁི·རེ་སུའུ་ལིས་ཧན་དང་ལོའུ་ཀང་གཉིས་ཡན་ལག་ཚོགས་ར་རུ་ཚོགས་འདུར་ཞུགས།