ཟླ4པའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡོ་ནན་དང་། མཱ་ལའེ་ཞི་ཡ། ཁམ་ཕུ་ཁྲེ་བཅས་ལ་རྒྱལ་དོན་འཚམས་འདྲི་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། རང་ཞིང་གི་ལག་བསྟར་བསམ་ཚུལ་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་འདིར་འཚམས་འདྲི་བྱས་པ་ནི་ད་ལོའི་གཙོ་འཛིན་ཕྱི་འབྲེལ་གྱི་ཐོག་མའི་ལེའུ་ཡིན་ལ། ཁྱིམ་མཚེས་མཛའ་འབྲེལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཉེ་འཁོར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་ཟབ་མོ་ལྡན། ཏང་ཀྲུང་དབྱང་གི་ཉེ་འཁོར་བྱ་བའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་དགོས་མཁོ་དང་མཚོ་སྔོན་གྱི་ནུས་ཚད་ལ་བརྟེན་ནས། རང་ཞིང་གི་དམིགས་བསལ་དགེ་མཚན་འདོན་སྤེལ་ལེགས་པོ་དང་། དག་གཙང་ནུས་ཁུངས། ལྗང་མདོག་རྩིས་ནུས། རིག་གནས་ཡུལ་སྐོར་སོགས་ཕྱོགས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཁྱབ་ཁོངས་སོ་སོའི་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་སྤྱི་ཡོངས་ལ་སྔར་ལས་ལྷག་པར་ཞབས་འདེགས་ཞུ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཏང་ཀྲུང་དབྱང་གི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ནན་ཏན་དང་གཏིང་ཟབ་སྒོས་ལག་བསྟར་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་བྱ་བར་དམིགས་ཏེ། ཁྲིམས་སྐྱོང་མཁོ་འདོན་སྔར་ལས་ཤུགས་དྲག་ཏུ་གཏོང་བ་དང་། ཁྲིམས་འཛུགས་བྱ་བའི་སྤུས་ནུས་མཐོ་རུ་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྒྱུན་མཐུད་ངང་ཚོང་གཉེར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་ལག་བསྟར་ཟབ་མོ་བྱས་ཏེ། ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ནན་དཀྲི་ནན་སྡོམ་བྱེད་པ་དང་། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཐོབ་ཚོར་ལ་ཤུགས་རྐྱེན་བཟོ་བའི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་ནན་མོ་གཏོང་བ། འགལ་བ་དང་རྩོད་གཞི་ཕྱོགས་མང་པོ་ནས་སྔོན་འགོག་དང་ཐག་གཅོད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། ཁྲིམས་སྐྱོང་བགྲོད་ལམ་སྟེང་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལས་དོན་བརྟན་པོའི་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་ཀྱི་ཆབ་སྲིད་ཀྱི་དཔྱད་དཔོག་དང་མི་དམངས་ཀྱི་ལངས་ཕྱོགས་ལ་ངོས་འཛིན་དང་དེ་ཁོང་དུ་ཆུད་པར་བྱས་ཏེ། སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ནན་ཏན་གྱིས་དངོས་འབེབས་དང་སྐུལ་སྤེལ་བྱེད་པ། དངོས་ཐོག་འདེན་འཚོལ་རྒྱུན་འཁྱོངས་དང་དངོས་གཉེར་སྤྱོད་གོ་ཆོད་པ་དམིགས་སུ་འཛིན་པ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ཐད་ནུས་ལྡན་དང་གོ་རིམ་ལྡན་པའི་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་རེ་འདུན་སྣ་ཚོགས་ས་ཚིགས་གཅིག་ལས་བདག་སྤྲོད་བྱེད་ཐུབ་ཅིང་། ཕྱོགས་གཅིག་ཏུ་ཐག་གཅོད་བྱེད་ཐུབ་པ། ཕྲེང་འབྲེལ་ཧྲིལ་བོས་ཐག་གཅོད་པ་བཅས་མངོན་འགྱུར་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་བསྟན་དོན། ཚན་རྩལ་གསར་གཏོད་ཀྱིས་མཚོ་སྔོན་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་དང་དེ་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཚན་རྩལ་ཐོན་ཁུངས་སྡེབ་སྒྲིག་བྱ་བ་སྔར་ལས་ལེགས་སྒྱུར་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་སྟེགས་བུའི་མ་ལག་འཐུས་ཚང་འཛུགས་པ། ཚན་རྩལ་སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། སྔར་ལས་མང་བའི་ཐོན་ཁུངས་ཁྱད་ལྡན་ཐོན་ལས་སྟེང་གཅིག་སྡུད་བྱེད་པ་དང་། མཐོ་སྒང་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་བསྐྲུན་པའི་ཐད་ནས་གྲུབ་འབྲས་གསར་བ་ལོན་པར་སྐུལ་འདེད་བཏང་སྟེ། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་བསྐྲུན་ཆེད་མཚོ་སྔོན་གྱི་བྱས་རྗེས་འཇོག་པར་འབད་པ་བྱེད་དགོས།
གྲོས་ཚོགས་ལས། མཚོ་སྔོན་གྱི་ལས་ཞུགས་བྱ་བ་དེ་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་འཇགས་ལས་དོན་དང་དམ་པོར་འབྲེལ་ཡོད་པས་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན། ནུས་ཤུགས་ཡོད་རྒུས་ལས་ཞུགས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་དེ། ལས་ཞུགས་ཀྱི་སྦས་ཤུགས་གསར་བ་སྔོག་འདོན་གང་ལེགས་བྱེད་པ་དང་། ཐོན་ལས། ཁེ་ལས། ལས་ཞུགས་བཅས་མཉམ་སྒུལ་ཐུབ་པར་སྐུལ་འདེད་གཏོང་བ། སྲིད་ཇུས་བཙུགས་ནས་རྗེས་འདེད་རྐྱེན་སྲོལ་དངོས་འབེབས་བྱེད་པ་དང་། ལས་ཞུགས་དམ་འཛིན་བྱ་བ་བརྟན་པོར་སྒྲུབ་ནས། མང་ཚོགས་ཀྱི་ལས་ཞུགས་སྲིད་ཇུས་ཐད་ཀྱི་ཐོབ་ཚོར་ཇེ་མཐོར་གཏོང་བ་དང་། གཙོ་གནད་ཚོགས་ཁག་གི་ལས་ཞུགས་དང་དམངས་ཚིས་འགོག་ཐིག་བརྟན་པོར་བསྐྲུན་ཏེ། སྤྱི་ཚོགས་སྤྱི་ཡོངས་བརྟན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འདེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱ་བར་རྩ་འཛུགས་ནུས་ལྡན་དང་། གོ་རིམ་ལྡན་པར་སྐུལ་སྤེལ་བྱེད་དགོས་ན། མུ་མཐུད་དུ་ཀྲུང་དབྱང་གི་བླང་བྱ་གཞིར་འཛིན་པ་དང་། གནད་དོན་འཚོལ་ཞིབ་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཤུགས་དྲག་ཏུ་གཏོང་དགོས་ཤིང་། ལྷག་པར་དུ་ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་དང་འཚོལ་ཞིབ། དག་ཐེར་བཅས་ཀྱི་སྟེང་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། རེ་རེ་བཞིན་དག་ཐེར་དོན་འཁྱོལ་བྱེད་པར་ཁག་ཐེག་བྱས་ནས། མིང་དོན་མཚུངས་པའི་ལས་དོན་སྒྲུབ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་འབྲེལ་ཡོད་ཡིག་ཆར་ཉན་པ་དང་གྲོས་ཞིབ་བྱས།