ཟླ4བའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཞང་ཀང་དང་ཨོ་མིན་ཨུ་ཡོན་གྱི་འགན་སྒྲུབ་ནུས་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཀོང་ཏུང་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་ནས་ཚོགས་མགོ་བརྩམས། ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་མཚོ་སྔོན་ཞིང་ཆེན་གྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་གྱི་སྲིད་གྲོས་ཀྱི་ཞང་ཀང་དང་ཨོ་མིན་གྱི་ལས་དོན་སྒྲུབ་འགན་ཁུར་བའི་བློ་མཐུན་གསོ་སྦྱོང་ལ་ཞུགས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་མཛད་སྒོར་ཞུགས།
མགོན་པོ་བཀྲ་ཤིས་ཀྱིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སློབ་མ་ཡོངས་ལ་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས་ལ། ཀོང་ཏུང་ཞིང་ཆེན་སྲིད་གྲོས་དང་ཀོང་ཏུང་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པར་མཐུན་རྐྱེན་གང་ལེགས་བསྐྲུན་པར་སེམས་གཏིང་ནས་བཀའ་དྲིན་ཞུས། ཁོས་བསྟན་དོན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་གཏིང་ཟབ་སྒོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་བཅོས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞང་ཀང་དང་ཨོ་མིན་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སོགས་ལ་སློབ་སྦྱོང་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཞང་ཀང་དང་ཨོ་མིན་གྱི་བྱ་བའི་རུ་ཁག་འཛུགས་སྐྲུན་བྱེད་པ་དང་། ཨུ་ཡོན་གྱི་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ཞང་ཀང་དང་ཨོ་མིན་ཨུ་ཡོན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་སྒོ་འབྱེད་དང་སྤུད་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཚད་མཐོའི་སྒོ་འབྱེད་དང་ཚད་མཐོའི་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱིན་ཡོད། ན་ནིང་ནས་བཟུང་། མཚོ་སྔོན་དང་ཞང་ཀང་ཨོ་མིན་གྱིས་མཐོ་རིམ་བརྗེ་རེས་ལ་ཧུར་ཐག་སྒོས་ཤུགས་སྣོན་བྱེད་ཀྱིན་ཡོད་ལ། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། རྒྱུན་ཆད་མེད་པར་མཚོ་སྔོན་དང་ཞང་ཀང་། ཨོ་མིན་བར་གྱི་མཉམ་ལས་ཐབས་ལམ་དང་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཞང་ཀང་དང་ཨོ་མིན་བར་གྱི་བརྗེ་རེས་དང་མཉམ་ལས་ལ་གྲུབ་འབྲས་མང་པོ་ཐོབ་པར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་དང་ཞང་ཀང་། ཨོ་མིན་བར་གྱི་བརྗེ་རེས་དང་མཉམ་ལས་ཀྱི་ལམ་ཁ་སྔར་ལས་ཡངས་ལ་མདུན་ལྗོངས་ཆེན་པོ་ལྡན། རེ་བ་ཡིན་ན་ཚང་མས་མུ་མཐུད་དུ་འབད་པ་བྱེད་དགོས་ལ། ཐེངས་འདིའི་ཐོབ་དཀའ་བའི་སློབ་སྦྱོང་གི་གོ་སྐབས་དམ་འཛིན་བྱས་ཏེ། སྐབས་འདིར་སྤེལ་བཞིན་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་གཏིང་ཟབ་སྒོས་སློབ་སྦྱོང་བྱེད་པ་དང་འབྲེལ། མཚོ་སྔོན་ཚད་མཐོའི་སྒོ་འབྱེད་དང་ཚད་མཐོའི་འཕེལ་རྒྱུས་སུ་གཏོང་རྒྱུ་དང་། རྒྱུན་ཆད་མེད་པར་རང་ཉིད་ཀྱི་བྱང་ཚད་དང་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འགན་ནུས་སྒྲུབ་པར་རྨང་གཞི་ལེགས་པོ་ཞིག་འདིང་དགོས། ནུས་པ་གང་ཡོད་བཏོན་ནས་ཀོང་ཏུང་གིས་སྒོ་འབྱེད་རྒྱ་བསྐྱེད་དང་། ཞང་ཀང་ཨོ་མིན་བྱ་བའི་ཕྱོགས་ཀྱི་སྔོན་ཐོན་ཉམས་མྱོང་དང་བསྒྲུབ་ཐབས་མིག་དཔེར་བཟུང་ནས། མཚོ་སྔོན་བཅོས་སྒྱུར་སྒོ་འབྱེད་དང་ཚད་མཐོའི་གོང་འཕེལ་དུ་གཏོང་རྒྱུར་ནུས་པ་འདོན་དགོས། ཀོང་ཏུང་ཞིང་ཆེན་སྲིད་གྲོས་གྱིས་དུས་རབས་གསར་བའི་ཞང་ཀང་དང་ཨོ་མིན་གྱི་བྱ་བ་བསྒྲུབ་པའི་ཐད་ཀྱི་བསམ་བློ་གསར་བ་དང་། ཐབས་ལམ་གསར་བར་སློབ་སྦྱོང་དང་མིག་དཔེ་བལྟ་སར་བྱས་ཏེ། སློབ་སྦྱོང་བྱས་པའི་གྲུབ་འབྲས་བློ་འདོན་ཇུས་འབུལ་བྱེད་པའི་ཐབས་ལམ་དངོས་སུ་བསྒྱུར་དགོས། སློབ་སྦྱོང་གི་སྒྲིག་ཁྲིམས་ནན་ཏན་སྒོས་བརྩི་སྲུང་བྱེད་པ་དང་། གཏན་འབེབས་ཁག་ལག་བསྟར་ནན་མོ་བྱེད་པ། སྤྱོད་ཚུལ་ནན་མོ་གསོ་སྐྱོང་བཅས་བྱེད་དགོས། གཟབ་ནན་གྱི་སློབ་སྦྱོང་གི་རྣམ་འགྱུར་ཐོག་ནས་སེམས་ཤུགས་ཡོད་རྒུས་སློབ་སྦྱོང་དང་གསོ་སྦྱོང་བྱེད་པའི་ཁྲོད་ཞུགས་ཏེ། མཚོ་སྔོན་གྱི་སྲིད་གྲོས་ཨུ་ཡོན་དང་ལས་བྱེད་པའི་གཟི་མདངས་མངོན་པར་བྱེད་དགོས།
མགོ་རྩོམ་མཛད་སྒོ་མཇུག་རྫོགས་རྗེས། ཁུང་ཡུང་གིས་ཁ་བྱང་ལ《ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ》ཞེས་པའི་ཟུར་ཁྲིད་སློབ་ཁྲིད་བྱས།