(མཚོ་ལྷོ) ལྷ་སྡེ་ལྕགས་རྒྱལ་འབུམ།
དེ་རིང་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་སྟེ། 2025ལོའི་ཟླ4པའི་ཚེས23ཉིན་ནི་འཛམ་གླིང་དཔེ་ཀློག་སྐབས30པའི་ཉིན་མོ་ཡིན། ཕྲན་ལ་མཚོན་ན་ཉིན་མོ་འདི་ངོས་ཟིན་པ་ནས་ད་ལྟའི་བར་དུ་ལོ་ངོ་བཅོ་ལྔ་ཙམ་འགོར་ཟིན། ང་རང་ཆུང་དུས་ནས་དཔེ་ཀློག་ལ་དགའ་བའི་བག་ཆགས་ཡོད་པར་མ་ཟད། སློབ་མའི་དུས་སུ་དགེ་རྒན་རྣམ་པས་དཔེ་ཀློག་ཐད་དུ་མཛུབ་སྟོན་གནང་བར་ཆེས་ཡི་རང་དང་བཅས་དང་དུ་བླངས་པ་ཡིན་ལ། རང་གིས་དགེ་རྒན་གྱི་མིང་ཙམ་བཟུང་བ་ནས་སློབ་མ་ཚོ་ལ་དཔེ་ཀློག་གི་ཤེས་བྱ་ངོ་སྤྲོད་དང་དཔེ་ཀློག་ཇི་ལྟར་བྱེད་པའི་སྣེ་ཁྲིད། དཔེ་ཀློག་གི་བྱ་འགུལ་རབས་དང་རིམ་པ་མང་པོ་ཞིག་སྤེལ་ཏེ་ཡོང་བ་ནི་སློབ་མ་ལ་མིག་མཐོང་ལག་ཟིན་གྱིས་ཕན་ཐོགས་ཤིན་ཏུ་ཆེ་བའི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་ཡིན་པར་འདོད། དེ་ཡང་འཛམ་གླིང་དཔེ་ཀློག་ཉིན་མོའམ་འཛམ་གླིང་དཔེ་ཀློག་དང་པར་དབང་གི་ཉིན་མོ་ཞེས་པ་ནི། 1995ལོར།མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ལོ་རེའི་ཟླ4པའི་ཚེས23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་རུ་གཏན་འབེབས་གནང་སྟེ་འཛམ་གླིང་སྐྱེ་བོ་ཡོངས་ཀྱིས་འགྲོ་བ་མིའི་རིགས་ཀྱི་རིག་པའི་གནས་ཀུན་ལ་བྱས་རྗེས་བླ་མེད་བཞག་མྱོང་བའི་སྐྱེས་ཆེན་རྣམས་ལ་ཡི་རང་དང་རྗེས་དྲན། བྱེད་ཐབས་སྣ་ཚོགས་ཀྱི་སྒོ་ནས་དཔེ་ཀློག་དུས་ཆེན་ཉིན་མོར་རྟེན་འབྲེལ་ཞུ་བ་དང་དཔེ་ཀློག་ཁྱབ་སྒྲོག་གི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད།
དཔེ་ཀློག་ཧ་ཅང་གལ་ཆེ་བའི་ཚུལ་ནི་གནའ་དེང་མཁས་པའི་གསུང་ན་ཤིན་ཏུ་མང་སྟེ།དཔེར་ན། འཛམ་གླིང་གི་རྩོམ་པ་པོ་གྲགས་ཅན་ཀོ་ཨར་ཅི་ཡིས་དཔེ་ཆ་ནི་མིའི་རིགས་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་ཐེམ་སྐས་ཡིན་ཞེས་གསུངས་པ་དང་། ཕེ་ཀེན་མཆོག་གིས་ཀྱང་། ལོ་རྒྱུས་བཀླགས་པས་མི་མཁས་པར་འགྱུར་ལ། སྙན་ངག་བཀླགས་པས་ཤེས་རབ་ཅན་དུ་འགྱུར། རྩིས་རིག་གིས་ཞིབ་ཚགས་ཅན་དུ་འགྱུར། མཚན་ཉིད་རིག་པས་ཟབ་མོ་ཅན་དུ་བྱེད། སྤྱོད་ལམ་རིག་པས་ཡ་རབས་བློ་སྦྱོང་ཅན་དང་གཏན་ཚིགས་རིག་པས་རྟོག་གེ་བར་འགྱུར་ཞེས་དང་། ཐང་རྒྱལ་རབས་ཀྱི་སྙན་ངག་པ་གྲགས་ཅན་ཏུའུ་ཧྥུ་ལགས་ཀྱིས་ཀྱང་། དཔེ་དེབ་ཁྲི་ཕྲག་བཀླགས་གྱུར་ན། སྨྱུག་ཁ་ལྷ་ཡིས་བསྒྱུར་དང་མཚུངས། ཞེས་པ་སོགས་མཁས་པའི་གསུང་ལུང་དུ་དྲངས་ན་བགྲང་གིས་མི་ལང་བ་ཡོད་དོ། །
དེ་བས་ན། འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་དང་སྔོན་ཐོན་མི་རིགས་དག་གིས་དཔེ་ཀློག་ལ་ཤིན་ཏུ་མཐོང་ཆེན་བྱེད་པ་ཡིན། དཔེར་ན། དབྱི་སི་རལ་གྱི་ཡ་ཧུ་དཱ་པ་མི་རིགས་ཀྱིས་ལོ་རེར་ཆ་སྙོམས་སུ་མི་རེས་དཔེ་ཆ68ཀློག་གིན་ཡོད་པ་དང་། ཉི་ཧོང་གི་ཁེ་ལས་པ་དག་གིས་ཀྱང་མི་རེས་ལོ་རེར་ཆ་སྙོམས་སུ་དཔེ་ཆ50ཀློག་གིན་ཡོད་པ་སོགས་ཀྱི་རྒྱུ་ཆ་སྣ་ཚོགས་མཐོང་རྒྱུ་ཡོད། མི་སྒེར་གྱི་དབང་དུ་བྱས་ན། འཛམ་གླིང་གི་སྐྱེས་ཆེན་དག་གིས་དཔེ་གཟིགས་ཇི་ལྟར་གནང་བའི་གནས་ཚུལ་མཐོང་ན་ངོ་མ་ཧ་ལས་ཤིང་ཧང་སངས་དགོས་པའི་ཚད་དུ་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ལགས།
རྒྱུ་མཚན་དེ་དག་གི་དབང་གིས། ཁོ་བོས2024ལོ་ནས་བཟུང་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་རུ་སློབ་མ་ཚོ་ལ་དཔེ་ཀློག་གི་བྱ་འགུལ་རབས་དང་རིམ་པ་མང་པོ་སྤེལ་བ་དང་དེ་ལས་ཐོབ་པའི་འབྲས་བུའི་གནས་ཚུལ་ཅུང་ཙམ་ཞུས་ན། ཐོག་མར་སློབ་མ་ཚོར་དཔེ་ཀློག་གི་གལ་ཆེན་རང་བཞིན་མང་དུ་བཤད་དེ་དཔེ་ཀློག་གི་མོས་འདུན་སྐྱེད་སྲིང་བྱས་པ་དང་།དེ་ནས་དཔེ་ཆ་གདམ་སྟངས་བཤད་པ་ཡིན། སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོར་མཚོན་ན་དཔེ་ཆ་གདམ་ཤེས་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། གནའ་དེང་གི་དཔེ་ཆ་གྲགས་ཆེན་དང་བསླབ་དེབ་དང་འབྲེལ་བ་ཡོད་པའི་སྐོར་ནི་གདམ་བྱ་གཙོ་བོ་ཡིན། དེ་ནས་བྱ་འགུལ་སྐབས་ཀྱི་བཤད་བྱའི་གོ་རིམ་ནི། རང་གིས་བཀླགས་ཟིན་པའི་དཔེ་ཆ་ངོ་སྤྲོད་དང་ནང་དོན་མདོར་བཤད། མྱོང་ཚོར་རམ་ཐོབ་བྱ་ཅི་ཡོད་རང་གི་དཔེ་ཀློག་ཟིན་བྲིས་དང་སྦྱར་ཏེ་ཞིབ་ཏུ་བཤད་རྒྱུ་དེ་ཡིན། དེ་ལྟར་དཔེ་ཀློག་སྐབས་དང་པོ་དང་གཉིས་པ། གསུམ་པ། བཅུ་པ། བཅོ་ལྔ། ཉི་ཤུ་སོགས་རིམ་བཞིན་སྤེལ་ཡོང་ཚེ། མིག་གིས་བལྟས་བལྟས་རིག་རིག་ལ་སློབ་མ་ཕྱོགས་ཡོངས་ནས་ཡར་རྒྱས་སུ་འགྲོ་བཞིན་པ་དངོས་སུ་ཤེས་ཐུབ། སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཞེས་པ་ནི་འདི་དག་སྟེ། དཔེ་ཀློག་གི་འདུན་པ་རང་ཤུགས་ཀྱིས་ཇེ་ཆེར་འགྲོ་བ། རྨང་གཞིའི་ཤེས་བྱ་སྲ་བརྟན་དུ་འགྲོ་བ། སྤོབས་པ་ཇེ་ཆེར་འགྲོ་བ། སྨྲ་བརྗོད་ཀྱི་ནུས་པ་ཇེ་ལེགས་སུ་འགྲོ་བ། རང་འགུལ་གྱིས་བསམ་གཞིག་གཏོང་བའི་གོམས་གཤིས་ཆགས་པ། མི་གཤིས་ལེགས་པོར་བཅའ་ནུས་པ། ཕུགས་བསམ་ཇེ་རིང་དུ་འགྲོ་བ། བསླབ་ཁག་སོ་སོའི་རྒྱུགས་འབྲས་ཇེ་ལེགས་སུ་འགྲོ་བ་བཅས་ཧ་ཅང་མངོན་གསལ་ཡིན་ནོ། །
མདོར་ན། སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོར་དཔེ་ཀློག་ནི་ཁ་བཤད་ཆུ་ཡི་ལྦུ་བ་ཙམ་གྱིས་མི་ཆོག་པར། ངེས་པར་བྱ་འགུལ་སྤེལ་ཏེ་ལག་ལེན་གསེར་གྱི་ཐིགས་པའི་གོ་རིམ་ཁྲོད་ནས་དཔེ་ཀློག་གི་དགེ་མཚན་ཁྱད་པར་བ་དེ་དག་རིམ་གྱིས་ཤེས་སུ་འཇུག་དགོས་པར་འདོད། དེ་ཡང་ང་ཚོ་སྟེ། མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་གཉིས་པའི་དཔེ་ཀློག་བྱ་འགུལ་གྱི་རྣམ་གྲངས་ལ་མཚོན་ན་འཛིན་གྲྭ་རང་བཞིན་གྱི་དཔེ་ཀློག་བྱ་འགུལ་དང་ལོ་རིམ་ཁག་རང་བཞིན་གྱི་བྱ་འགུལ། སློབ་གྲྭ་རང་བཞིན་གྱི་བྱ་འགུལ་ཆེན་མོ། དཔེ་ཀློག་དགའ་མོས་ཚོགས་པའི་བྱ་འགུལ། གཟའ་ཉི་མའི་དཔེ་ཀློག་བྱ་འགུལ།འཛམ་གླིང་དཔེ་ཀློག་ཉིན་མོའི་བྱ་འགུལ་སོགས་ཡོད་དོ། །