མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཅི་ཞིག་ལ་གསང་བ་ཟེར།

མཁའ་འབུམ་རྒྱལ།  2025-04-25 10:58:26  ཁྲིམས་སྐྱོང་ཚགས་པར།

རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1032པའི་ནང་རང་བྱུང་མིར་གསང་དོན་དབང་ཆ་ལོངས་སུ་སྤྱད་རྒྱུ་ཡོད་ཅེས་གཏན་འཁེལ་བྱས་ཡོད། རྩ་འཛུགས་སམ་མི་སྒེར་སུ་ཞིག་གིས་ཀྱང་གསང་མྱུལ་དང་བཙན་འཛུལ་དང་ཕྱི་ཤོར། ཡོངས་བསྒྲགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་གཞན་གྱི་གསང་དོན་དབང་ཆར་གནོད་འཚེ་བཏང་མི་ཆོག གསང་དོན་ནི་རང་བྱུང་མིའི་སྒེར་གྱི་འཚོ་བ་ལྷིང་འཇགས་དང་མི་གཞན་གྱིས་ཤེས་མི་འདོད་པའི་གསང་བའི་བར་སྟོང་དང་གསང་བའི་བྱ་སྤྱོད། གསང་བའི་ཆ་འཕྲིན་བཅས་ཡིན།

གསང་དོན་དབང་ཆའི་གྲུབ་ཆ་གཙོ་བོ་ནི་རང་བྱུང་མི་ཡིན་ལ། ཁྲིམས་མི་དང་མི་གཞན་པའི་རྩ་འཛུགས་ཀྱིས་གསང་དོན་དབང་ཆ་ལོངས་སུ་སྤྱོད་མི་ཐུབ། གོང་གསལ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། གསང་དོན་ལ་གཤམ་གསལ་གྱི་ཕྱོགས་འགའ་འདུས་ཏེ།

དང་པོ། མི་སྒེར་གྱི་འཚོ་བའི་ལྷིང་འཇགས་ཏེ། དེ་ནི་རང་བྱུང་མིས་མི་གཞན་གྱིས་རང་ཉིད་ཀྱི་འཚོ་བའི་ལྷིང་འཇགས་ལ་ཚུལ་མིན་གྱི་བར་ཆད་དང་འགོག་རྐྱེན་མེད་པར་བཟོ་ཆོག མི་སྒེར་གྱི་འཚོ་བ་ལྷིང་འཇགས་སུ་གཏོང་བ་ནི་གཙོ་བོ་གཤམ་གྱི་ནང་དོན་དག་འདུས་ཏེ།

(1) རྒྱུན་ལྡན་གྱི་འཚོ་བ་ལྷིང་འཇགས་ཡིན་ཏེ། མི་སྒེར་ལ་རང་ཉིད་ཀྱི་རྒྱུན་ལྡན་གྱི་འཚོ་བ་ལ་མི་གཞན་གྱིས་བར་ཆད་མི་བཟོ་བའི་དབང་ཆ་ཡོད། ཁྲིམས་ལུགས་ཀྱིས་ཁྲིམས་འགལ་གྱིས་མི་གཞན་ལ་རྗེས་འདེད་དང་ཟིང་ཆ་བསླང་མི་ཆོག

(2) སྡོད་ཁང་ལྷིང་འཇགས་ཡིན་པ། མི་སྒེར་གྱི་སྡོད་ཁང་ལ་མི་གཞན་གྱིས་བར་ཆད་མི་བཟོ་བ།དཔེར་ན། མི་སུ་འདྲ་ཞིག་ཡིན་རུང་རྟག་ཏུ་རྒྱུ་མཚན་མེད་པར་སྒོ་རྡུང་བའམ་ཕྱི་རོལ་དུ་ནམ་གུང་འུར་རྒྱག་པ་སོགས་བྱས་མི་ཆོག

(3) འཕྲིན་གཏོང་ལྷིང་འཇགས་ཞེས་པ་ནི་མི་སྒེར་གྱི་འཕྲིན་གཏོང་ལ་མི་གཞན་གྱིས་བར་ཆད་མི་བཟོ་བའི་གནས་ཚུལ་ཡིན། དཔེར་ན། མི་གཞན་ལ་གད་སྙིགས་འཕྲིན་ཐུང་བསྐུར་མི་ཆོག་པ་དང་ཁ་པར་ཐོག་ནས་ཟིང་ཆ་བསླང་མི་ཆོག

གཉིས་པ།མི་གཞན་གྱིས་ཤེས་པའི་གསང་བའི་བར་སྟོང་སྟེ། མི་གཞན་གྱིས་ཤེས་པའི་མི་སྒེར་གྱིས་བཀོལ་སྤྱོད་བྱེད་པའི་བར་སྟོང་གི་གནས་ཡིན། སྒེར་གྱི་བར་སྟོང་ལ་སྡོད་ཁང་སོགས་དངོས་ལུགས་བར་སྟོང་དང་དྲ་རྒྱའི་རྟོག་བཟོའི་བར་སྟོང་འདུས། དཔེར་ན། འོས་མཚམས་ཀྱིས་མི་སྒེར་ལ་དབང་བ་དང་ཁྲིམས་མཐུན་གྱིས་བདག་བཟུང་བྱས་པའི་ཁང་པར་འཛུལ་མི་ཆོག་པ་དང་། ཁྲིམས་འགལ་གྱིས་མི་སྒེར་གྱི་བར་སྟོང་ལ་འཚོལ་བཤེར་དང་སྔོག་བཤེར་དང་ལྐོག་ཉན་བཅས་བྱས་མི་ཆོག

གསུམ་པ། མི་གཞན་གྱིས་ཤེས་པར་མི་འདོད་པའི་གསང་བའི་བྱ་འགུལ་ཏེ། མི་གཞན་གྱིས་ཤེས་པར་མི་འདོད་པའི་མི་སྒེར་དང་སྤྱིའི་ཁེ་ཕན་དང་འབྲེལ་བ་མེད་པའི་གསང་བའི་བྱ་འགུལ་ཡིན། དཔེར་ན། མི་སྒེར་གྱི་གཟུགས་པོའི་རིང་ཚད་དང་གཟུགས་པོའི་ལྗིད་ཚད། ཁྲག་རིགས། རྒྱུད་རྒྱུ་སོགས་སྐྱེ་ལུགས་ཀྱི་ཆ་འཕྲིན། ནད་རིགས། ནད་ཐོ་སོགས་བདེ་ཐང་གི་གསང་བ་ལྟ་བུའོ། ། དེ་མིན་དཔེར་ན། རྒྱུ་ནོར་གྱི་གསང་བ་དང་ཁྱིམ་ཚང་གི་གསང་བ། སྒེར་གྱི་གླེང་མོལ།སྒེར་གྱི་ཉིན་ཐོ་སོགས་ཡིན།

རྩ་འཛུགས་སུ་ཞིག་གམ་མི་སྒེར་སུ་ཞིག་གིས་ཀྱང་གསང་མྱུལ་དང་། བཙན་འཛུལ་དང་ཕྱི་ཤོར། ཡོངས་བསྒྲགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་གཞན་གྱི་གསང་དོན་དབང་ཆར་གནོད་འཚེ་བཏང་མི་ཆོག

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།