མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཏ་ཐུང་ནས་བ་གླང་རྐུ་མཁན་ཞིག་བཟུང་།

403  2025-04-23 15:31:01 

ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་བསྟུད་མར་བ་གླང་རྐུ་འཕྲོག་བྱས་པའི་གྱོད་དོན་ཞིག་རྩད་ཆོད་ཅིང་། དོགས་ཡོད་ཉེས་ཅན་ཀྲང་ཚེ་འཛིན་བཟུང་བྱས།

ལོ27ཡིན་པའི་ཀྲང་ཚེ་ཡིས་ཁོ་རང་བ་གླང་ཉོ་འཚོང་གི་བར་ཁེ་བ་ཡིན་པའི་ཐོབ་ཐང་སྤྱད་ནས། དྲ་ལམ་ནས་ཐད་གཏོང་བྱས་ཏེ་བ་གླང་གི་གནས་ཚུལ་རེ་རེ་བཞིན་ཞིབ་ཕྲའི་ངང་ངོ་སྤྲོད་བྱས་ནས་བ་གླང་ཉོ་མཁན་གྱི་ཡིད་དབང་འཕྲོག་བཞིན་ཡོད། དྲ་ལམ་ནས་བ་གླང་ཉོ་མཁན་དང་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་སྐད་འཕྲིན་བརྒྱུད་དེ་རིན་གོང་ཐག་གཅོད་བཞིན་ཡོད་ལ། དེ་ནས་བ་གླང་ཉོ་མཁན་གྱིས་རླངས་འཁོར་བསྐོར་ཏེ་བ་གླང་འདྲུད་དུ་སོང་ནས་ཉོ་འཚོང་བྱེད་བཞིན་ཡོད།

ཉིན་ཞིག་སྡེ་མི་ཞིག་མངགས་གཏོང་ཁང་དུ་ཡོང་ནས། ཁོ་ཚང་གི་བ་གླང་ཉིན་འགར་བཙལ་ཡང་རྙེད་མ་སོང་། དོན་དངོས་སུ་གཞན་གྱིས་བརྐུས་སོང་བ་ཡིན་ནམ་བོར་སོང་བ་ཡིན་ཞེས་བཤད་དེ། ཟླ2པའི་ཚེས10ཉིན་གྱོད་དོན་སྙན་སེང་ཞུས། ཉེན་རྟོག་པས་རྩྭ་རའི་ནང་དུ་རྩད་ཞིབ་བྱེད་སྐབས། རླངས་འཁོར་གྱི་འཁོར་ལོའི་རྗེས་ཤུལ་ཞིག་ཡོད་པ་མཐོང་ནས་དེ་འགག་རྩའི་ཁུངས་སྣེ་རུ་བཟུང་། ཁུངས་སྣེ་དེ་དང་བསྟུན་ནས་ཉེན་རྟོག་པས་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་བདག་པོར་དམིགས་ནས་ཞིབ་བཤེར་བྱས་རྗེས། རླངས་འཁོར་དེས་དྲུད་སོང་བ་ནི་བརྐུས་པའི་བ་གླང་ཡིན་པ་གཏན་འཁེལ་བྱས་པར་མ་ཟད། དོགས་ཡོད་ཉེས་ཅན་ནི་ཀྲང་ཚེ་ཡིན་པའང་གཏན་འཁེལ་བྱས། འདྲི་རྩད་བྱས་པ་བརྒྱུད། ཀྲང་ཚེ་ཡིས་བ་གླང་རྐུ་འཁྱེར་བྱས་པའི་དོན་དངོས་ཁས་ལེན་བྱས་པར་མ་ཟད། ད་དུང་གྱོད་དོན་གཞན་གསུམ་ཡང་རྩིས་སྤྲོད་བྱས། ཀྲང་ཚེ་ལ་གཏན་འཇགས་ཀྱི་ལས་ཀ་མེད་ཅིང་སྤྱི་ཚོགས་སྟེང་འབྲེལ་འདྲིས་ཀྱི་འགྲོ་གྲོན་ཆེ་བ་དང་། ལྟ་སྐྱོང་དོ་དམ་ནན་མོ་མིན་པའི་ཕྱུགས་རར་དམིགས་ཏེ་ཐད་གཏོང་ཉོ་འཚོང་དང་བསྟུན་ནས་རྐུ་འཕྲོག་ལག་བསྟར་བྱས།

མིག་སྔར། ཀྲང་ཚེ་ལ་རྐུ་འཕྲོག་གི་དོགས་ཡོད་ཉེས་པ་ཡོད་པས། ཏ་ཐུང་རྫོང་ཉེན་རྟོག་ཕྱོགས་ཀྱིས་ཉེས་དོན་བཀག་ཉར་བྱས་ཡོད་ལ། ཏ་ཐུང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཟླ2པའི་ཚེས25ཉིན་འཛིན་བཟུང་ཆོག་མཆན་བཀོད།

རྩོམ་སྒྲིག་པ། སངས་བཀྲ།