ཁ་དཔེ་ལ་སྣོད་དཀར་ཡོལ་ལྷན་དུ་བཞག་ན་ཆག་སྒྲ་གྲག་ནོ་དཔེ་རེད་ཟེར་བ་ལྟར། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་བཟའ་ཟླ་གཉིས་ལ་མཚོན་ན་འཚོ་བའི་དོན་དག་ཙག་ཙིག་གི་ཆེད་དུ་ཁ་རྩོད་འབྱུང་སྲིད་པ་དང་། མི་མང་ཆེ་བས་གནད་དོན་དེའི་རིགས་ལ་བཟོད་སྒོམ་གྱི་བརྟུལ་ཞུགས་བཟུང་སྟེ། དོན་ཆེན་དོན་ཆུང་དང་དོན་ཆུང་མེད་པར་བྱེད་མོད། འོན་ཀྱང་མི་ཁག་ཅིག་གིས་རང་ཉིད་ཀྱི་སེམས་ཁམས་ལ་ཚོད་འཛིན་བྱེད་མ་ཐུབ་པར། མ་གཞི་ཁྱིམ་ཚང་གི་འགལ་བ་ལས་བྱུང་བའི་དོན་དག་ཆུང་ཆུང་ཞིག་ཡིན་ནའང་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ཚབས་ཆེན་ཞིག་ཏུ་བཏང་དང་གཏོང་བཞིན་མཆིས།
ཉེ་ཆར། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བསྟན་མ་མངགས་གཏོང་ཁང་གིས་མི་ལེགས་པའི་དྲ་རྒྱའི་ཐད་གཏོང་བརྒྱུད་ནས་མི་གཞན་ལ་དམའ་འབེབས་བྱས་པའི་གྱོད་དོན་ཞིག་ཞིབ་བཤེར་ཐག་གཅོད་བྱས།
ཆང་རྗེས་ཀྱི་བཟའ་འཁོན།
“ལོ་སར་ནས་ཅུང་འགོར་མེད། ཁྱོད་ཡང་བཟི་སོང་ངམ། མགྱོགས་པོར་ཁང་པའི་ནང་དུ་སོང” དཔྱིད་གསར་དུས་ཆེན་ལ་རོལ་ནས་ཡུན་རིང་མ་འགོར་བའི་ཉིན་ཞིག་གི་མཚན་མོར། ལིའི་ཞའོ་ཞའོ་ཡིས་མི་ཞིག་གིས་སྒོ་རྡུང་བཞིན་པ་ཐོས། སྒོ་ཕྱེས་མ་ཐག་ཆང་གིས་བཟི་བའི་རང་ཉིད་ཀྱི་ཁྱོ་ག་པའེ་ཅན་ཡིན་པ་ཤེས་རྗེས། མོས་འུ་ཐུག་ཐབས་ཟད་པའི་ངང་དབུགས་རིང་ཞིག་འཐེན་ཏེ་ཁོ་སྐྱོར་ནས་འབོལ་ཁྲིའི་སྟེང་ཉལ་དུ་བཅུག
པའེ་ཅན་འབོལ་ཁྲིའི་སྟེང་དུ་བསྡད་ནས་ཁོང་ཁྲོ་ཆེན་པོས“ང་ལ་ཚལ་གཉིས་བརྔོས་ནས་ཁྱེར་ཤོག ང་ལྟོགས་འདུག”“ད་ནམ་གུང་གི་ཆུ་ཚོད2ལ་ཐོན་འདུག ཁྱིམ་དུ་སྔོ་ཚལ་ཅི་ཡང་མེད། ངས་ཁྱོད་ལ་སྟབས་བདེ་ཐུག་པ་ཞིག་སྦངས་ནས་ཁྱེར་ཡོང་། ཁྱོས་ཟ་ཐབས་ཤིག་བྱོས་དང་། སང་ཉིན་ད་ཚལ་བརྔོས་ནས་ཟ་མ་ལས་ཡོང”ལན་དེ་ཐོས་རྗེས། པའེ་ཅན་ཁོང་ཁྲོ་ཆེན་པོས་ལི་ཞའོ་ཞའོ་ཡི་གདོང་ལ་མཛུབ་མོ་བཙུགས་ནས་སྨྱོ་ཧམ་ཆེན་པོས་གཤེ་གཤེ་སྣ་ཚོགས་དང་། ཐ་ཤལ་གྱི་སྐད་ཆ་རྣ་བས་ཉན་ཐབས་བྲལ་བ་མང་པོ་བཤད། ལི་ཞའོ་ཞའོ་ཡིས་ཕྱིར་ཁ་རྩོད་འགའ་བྱས་རྗེས། པའེ་ཅན་ནི་སྔར་ལས་ཞེ་སྤོ་གཏིང་ནས་ལངས་ཤིང་། གནས་ཚུལ་དེ་ལས་ཛ་དྲག་ཏུ་མི་འགྲོ་བའི་ཆེད་ལི་ཞའོ་ཞའོ་ཡིས“སྨྱོན་པ”འདི་དང་ཁ་རྩོད་བྱེད་མི་འདོད་པར། ཁོ་མོ་རང་གི་ཁང་པའི་ནང་དུ་ལོག་ནས་སྒོ་བརྒྱབ། སྤྱིར་དོན་དག་དེ་འདི་ལྟར་མཇུག་རྫོགས་སོང་བར་བསམས་མོད། འོན་ཀྱང་ཁོ་མོའི་བསམ་ཡུལ་ལས་འདས་པའི་དོན་དག་ནི་ད་དུང་རྗེས་སུ་ཡོད།
དྲ་ལམ་གྱི་དམའ་འབེབས།
པའེ་ཅན་གྱིས་ལི་ཞའོ་ཞའོ་རང་གི་ཁང་པའི་ནང་དུ་ཕྱིར་ལོག་པ་མཐོང་རྗེས། ཁོ་མོའི་རྗེས་སུ་སྐད་ཅོར་ཞིག་བརྒྱབ་རྗེས། རང་ཉིད་ཀྱིས་ཀྱང་སྤྲོ་བ་མེད་པར་འདོད་དེ་འབོལ་ཁྲིའི་སྟེང་དུ་བསྡད་ནས་ཁ་པར་རྩེད་མགོ་བརྩམས། ཁོས་བརྙན་ཐུང་སྟེགས་བུའི་ཐོག་ཏུ་ཐད་གཏོང་ལ་ལྟ་སྐབས། གློ་བུར་རང་ཉིད་ལ་ཡང་ཐད་གཏོང་སྤྱོད་ཐོ་ཞིག་ཡོད་པ་དྲན། དེ་ནས་ཐད་གཏོང་མཉེན་ཆས་ཁ་ཕྱེ་ནས་དྲ་གྲོགས་ཚོ་དང་ཐད་གཏོང་ཁ་བརྡ་བྱེད་མགོ་བརྩམས།
པའེ་ཅན་དུས་རྒྱུན་རང་ཉིད་ཀྱི་བརྙན་ཐུང་སྟེགས་བུའི་སྤྱོད་ཐོའི་ཨང་གྲངས་གཉེར་སྐྱོང་བྱ་རྒྱུར་དགའ་པོ་ཡོད་པས་ཞེན་མི་ཉུང་ཤས་ཤིག་བསགས་ཡོད་པ་དང་། མང་ཆེ་བ་ནི་ཁོའི་གཉེན་ཉེ་དང་གྲོགས་པོ་ཡིན། ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་ཁོའི་སྤྱོད་ཐོའི་ཨང་གྲངས་ཀྱང་སྐད་གྲགས་ཅུང་ཡོད་པར་བརྩིས་ཆོགཐད་གཏོང་བྱས་ནས་ཡུན་རིང་ཞིག་འགོར་རྗེས། དྲ་གྲོགས་ཤིག་གིས་ཐད་གཏོང་དུ་ཁྱོད་ཀྱི་ཆུང་མ་གང་དུ་བུད་སོང་ཞེས་དྲིས་པ་ན། ཁོ་གློ་བུར་ཁོང་ཁྲོ་ལངས་ནས“ངས་ཆུང་མར་བླངས་པའི་བུད་མེད་འདི་ནི་མོའི་ཕ་མ་ནང་མི་དང་འདྲ་བར་དྲིན་ལན་ལོག་འཇལ་མཁན་ཞིག་རེད”ཅེས་དམའ་འབེབས་བྱེད་མགོ་བརྩམས། ཆང་བཅུད་ཀྱི་ནུས་པའི་འོག་པའེ་ཅན་ནི་ཕྱིར་འདང་ཅི་ཡང་རྒྱག་མི་ཤེས་པ་ཤིག་ཏུ་གྱུར། ཁོས་ཐད་གཏོང་ལམ་དུ་ལི་ཞའོ་ཞའོ་དང་མོའི་ཕ་མ་ནང་མི་རྣམས་ལ་རྒྱུན་ཆད་མེད་པར་དམའ་འབེབས་བྱས་པའི་ཚིག་འབྲུ་རེ་རེ་ནི་ཧ་ཅང་བཟོད་ཐབས་བྲལ་བ་ཞིག་རེད།
ལི་ཞའོ་ཞའོ་ཡིས་གནས་ཚུལ་དེ་ཐོས་རྗེས་ཁང་པ་ནས་ཕྱིར་ཡོང་སྟེ་ཁྱོ་ག་བཀག་འགོག་བྱས་མོད། འོན་ཀྱང་། པའེ་ཅན་ལ་མཚམས་འཇོག་འདོད་ཀྱི་བསམ་པ་ནི་སྤུ་ཙམ་ཡང་མེད། ལི་ཞའོ་ཞའོ་ཁོང་ཁྲོ་ལངས་ནས་སེམས་སྡུག་ཀྱང་བྱས། བྲེལ་འཚུབ་ཀྱི་འོག་ཏུ་མོས་རང་ཉིད་ཀྱི་ལག་ཁྱེར་ཁ་པར་བླངས་ནས་ཁྱོ་གའི་ཐད་གཏོང་ནང་དུ་འཛུལ་ཏེ། ལག་ཁྱེར་ཁ་པར་གྱི་བརྙན་ཤེལ་ཕབ་ལེན་བྱེད་ནུས་སྤྱད་ནས་ཁྱོ་གས་མོར་དམའ་འབེབས་བྱས་པའི་ཐད་གཏོང་བརྙན་རིས་ཕབ་ལེན་བྱས་ཤིང་དཔང་རྟགས་གལ་ཆེན་ཉར་ཚགས་བྱས་ཡོད།
མཐའ་མཇུག་གི་ཁྲིམས་ཆད།
ཕྱི་ཉིན་ཞོགས་པའི་ཆུ་ཚོད10ཙམ་ལ། ལི་ཞའོ་ཞའོ་བསྟན་མ་མངགས་ཁང་གི་ལས་རེས་ཁང་དུ་སོང་ནས་ཉེན་རྟོག་པ་དང་རམ་འདེགས་ཉེན་རྟོག་པར་ངུ་སྐད་དང་བཅས“བློ་མཐུན་ཉེན་རྟོག་པ། ངའི་ཁྱོ་ག་ཁ་སང་ཆང་གིས་བཟི་རྗེས་ཐད་གཏོང་ལམ་དུ་ཆང་སྐྱོན་ཕུད་ནས་གང་སར་ང་དང་ངའི་ཕ་མ་ནང་མི་དག་ལ་སྐད་ཆ་ངན་པ་དང་དམའ་འབེབས་བྱེད་བཞིན་ཡོད། ཐད་གཏོང་ནང་གི་མི་མང་པོ་ཞིག་གིས་མཐོང་བྱུང་བས། ང་རྗེས་ཕྱོགས་ཇི་ལྟར་གསོན་ཨང་། ཁྱོད་ཚོས་ང་ལ་དྲང་བདེན་ཞིག་སྐྱོང་རོགས”ཞེས་བཤད་རྗེས། མོས་ལག་ཁྱེར་ཁ་པར་བླངས་ནས་ཉར་ཚགས་བྱས་པའི་ཐད་གཏོང་བརྙན་རིས་དེ་ལས་རེས་ཉེན་རྟོག་པར་བལྟ་རུ་བཅུག
གྱོད་གཞི་འབྱོར་རྗེས། བསྟན་མ་མངགས་གཏོང་ཁང་གི་ཉེན་རྟོག་པ་དང་རམ་འདེགས་ཉེན་རྟོག་པས་འཕྲལ་མར་བརྟག་དཔྱད་བྱས་ནས་དཔང་རྟགས་བདེན་དཔང་བྱས་པར་མ་ཟད། ཁྲིམས་ལྟར་པའེ་ཅན་བསྟན་མ་མངགས་གཏོང་ཁང་དུ་འབོད་སྐུལ་བྱས་ནས་འདྲི་རྩད་བྱས་པ་རེད།
འདྲི་རྩད་བྱས་པ་བརྒྱུད། པའེ་ཅན་གྱིས་རང་སེམས་ཀྱི་ཁོང་ཁྲོ་ཕྱིར་ཕུད་ཆེད། ཆང་འཐུང་རྗེས་ཐད་གཏོང་ནང་དུ་ཆུང་མ་དང་ཆུང་མའི་ཕ་མ་ནང་མི་ལ་དམའ་འབེབས་བྱས་པའི་ཁྲིམས་འགལ་གྱི་དོན་དངོས་དེ་ཁས་ལེན་བྱས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུས་བསྟན་མ་མངགས་གཏོང་ཁང་གིས་ཁྲིམས་ལྟར་པའེ་ཅན་ལ་སྲིད་འཛིན་བཀག་ཉར་ཉིན7གྱི་ཆད་པ་བཅད།
(གྱོད་དཔེའི་ཁྲོད་དུ་བརྫུས་མིང་བཀོལ་ཡོད)