མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

བུད་མེད་ཅིག་ལ་སྒོར་ཁྲི9ཡིས་མགོ་སྐོར་ཐེབས།

612  2025-04-23 15:33:16 

"ལས་ཀ་ཧ་ཅང་སྟབས་བདེ་ཞིང་། ཁྱིམ་དུ་བསྡད་ཀྱང་སྒོར་མོ་མང་པོ་འཚོལ་ཐུབ" འདི་ལྟ་བུའི་བརྡ་ཁྱབ་ཀྱིས་མི་སུ་ཞིག་གི་སེམས་ལ་གཡོ་འགུལ་ཐེབས་མི་སྲིད་དམ། དེའི་རྒྱབ་ལོག་ཏུ་ཞིབ་ཚགས་ཀྱི་གཡོ་ཐབས་ཤིག་ཇུས་འགོད་བྱས་ཡོད་པ་སུས་ཀྱང་ཤེས་ཀྱིན་མེད། ད་ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་ཏུ“ལག་ཤེས་པ་བསྡུ་བའི”མགོ་གཡོག་མགོ་སྐོར་གྱི་གྱོད་དོན་མང་པོ་བྱུང་བ་དང་། ལས་ཀ་སྒུག་མཁན་གྲངས་མེད་ཅིག་གིས་འདི་ལྟ་བུའི་བརྡ་ཁྱབ་ལ་ཡིད་ཆེས་ཏེ་སྒོར་མོ་འཚོལ་བ་ཕར་ཞོག དེ་ལས་ལྡོག་སྟེ་གསོག་དངུལ་སྒོར་ཁྲི་ཕྲག་ཁ་ཤས་ཀྱང་མགོ་སྐོར་གཏོང་མཁན་གྱི་ལག་ཏུ་སྤྲད་འདུག དེ་རིང་ང་ཚོས་དངོས་བྱུང་གྱོད་དོན་འདི་བརྒྱུད་ནས་མགོ་གཡོག་མགོ་སྐོར་མཁན་ལ་ཇི་ལྟར་མཉམ་འཇོག་དགོས་པའི་ཐད་ནས་སློབ་སྦྱོང་ཐེངས་ཤིག་བྱ།

ཧུའུ་ཀྲུའུ་རྫོང་ཐང་ཁྲོན་གྲོང་རྡལ་གྱི་བུད་མེད་ཝང་གིས་ཁ་པར་ལས་བརྙན་ཐུང་ལ་ལྟ་སྐབས། སྟེགས་བུ་ག་གེ་མོར་ལག་ཤེས་མི་སྣ་བསྡུ་བའི་བརྡ་ཁྱབ་ཅིག་མཐོང་ཞིང་། དེ་རུ་ཁྱིམ་དུ་བསྡད་ནས་ལས་ཀ་ལས་ན། ཟླ་རེར་སྒོར་སྟོང་ཕྲག་མང་པོ་ལེན་ཐུབ་ཅེས་བྲིས་འདུག དེ་ནས་ལས་ཀ་མཁོ་བའི་བུད་མེད་ཝང་གིས་སྦྲེལ་མཐུད་དེ་མནན་ནསAPPཞིག་ཕབ་ལེན་བྱས་པ་དང་། དེའི་སྟེང་དུ་ཐོ་འགོད་བྱས་མ་ཐག“སྐུ་མགྲོན་ཞབས་ཞུ་བས”བུད་མེད་ཝང་ལ་ལས་ཀའི་ནང་དོན་དང་དེ་མིན་ལས་ཀའི་བར་གླ་ལེན་པའི་ནང་དོན་སོགས་ཕྲ་ཞིང་ཞིབ་པའི་སྒོ་ནས་གསལ་བཤད་བྱས། བུད་མེད་ཝང་གིས་ལས་ཀ་ཡང་ཞིང་དཀའ་ཚེགས་མེད་པས་ལས་ཀ་འདི་མོ་རང་ཉིད་ལ་ཧ་ཅང་མཚམས་པར་འདོད་ནས་ལས་ཀར་གྲོས་མཐུན་ཡི་གེ་བྲིས། དེ་རྗེས་ཕ་རོལ་བས་བུད་མེད་ཝང་གིས་དངུལ་གསོག་པའི་ལས་འགན་འགྲུབ་རྗེས་ད་གཟོད་ལས་ཀ་ལས་ཆོག་ལ། དེར་མ་ཟད་ལས་འགན་བསྒྲུབས་ན་ད་དུང་ཁེ་སྤོགས་ཕྱིར་བླངས་ཆོག་ཅེས་བཤད། སྒོར་མོ་འཚོལ་འདོད་ཧ་ཅང་ཆེ་བའི་བུད་མེད་ཝང་གིས་ཕ་རོལ་བའི་རེ་བ་ལྟར་སྒོར100ཡིས་དངོས་པོ་ཉོས་པ་ན། ཕ་རོལ་བས་ཁེ་སྤོགས་སྒོར130ཕྱིར་སློག དེའི་བར་དུ་བུད་མེད་ཝང་གིས་སྒོར30བཙལ་ཟིན། 

དེ་ནས་བུད་མེད་ཝང་གིས་ཡང་བསྐྱར་སྒོར300ཡིས་དངོས་པོ་ཉོས་པ་ན། ཕ་རོལ་བས་ཁེ་སྤོགས་སྒོར390ཕྱིར་སློག དེའི་བར་དུ་བུད་མེད་ཝང་གིས་ཡང་བསྐྱར་སྒོར90བཙལ་ཟིན། སྒོར་མོ་འཚོལ་རྒྱུ་དེ་འདྲའི་སླ་མོ་ཞིག་ཡིན་པ་མཐོང་ནས་བུད་མེད་ཝང་གིས་དོགས་ཟོན་རྦད་དེ་ལྷོད་ནས་སྔ་རྗེས་སུ་སྒོར94000ལྷག་ཙམ་བཏང་ནས་ཕ་རོལ་བས་གཏན་འཁེལ་བྱས་པའི་ལག་འཁྱེར་ཁ་པར་དང་དངོས་ཟོག་ཉོ་བའི་བྱང་བུ། རོལ་རྩེད་བྱང་བུ་སོགས་ཉོས། མཇུག་མཐར་སྒོར་མོ་ཕྱིར་སློག་མ་ཐུབ་པས་ཕ་རོལ་བས་བཤད་རྒྱུར། མོས་མུ་མཐུད་དུ་ལས་འགན་གཞན་བསྒྲུབ་དགོས་ཞེས་བཤད། སྐབས་དེར་ཐོན་པ་ན། བུད་མེད་ཝང་གློ་བུར་དུ་སད་རྟོགས་བྱུང་ནས་ཉེན་རྟོག་པར་རོགས་རམ་བྱ་དགོས་པའི་རེ་བ་བཏོན།

རྒྱ་ཆེའི་མང་ཚོགས་ཀྱིས་ཡིད་ལ་དམ་པོར་འཛིན་རྒྱུ་ཞིག་ནི། སྒོར་མོ་སྔོན་ལ་སྤྲད་ནས་ལས་ཀ་ལས་པ་དང་དངོས་པོ་ཉོ་བ་སོགས་ནི་མགོ་གཡོག་མགོ་སྐོར་ཡིན་པས། རྒྱ་ཆེའི་མང་ཚོགས་ཀྱིས་འདི་ལྟ་བུའི་བརྡ་ཁྱབ་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་ལ། གནས་ཚུལ་གསལ་པོ་མི་ཤེས་པའི་སྦྲེལ་མཐུད་གང་འདོད་ལྟར་གནོན་མི་ཉན་པ་དང་། གང་འདོད་དུ་ཆ་རྒྱུས་མེད་པའི་གྲོགས་པོ་མི་སྣོན་པ། བརྡ་ཁྱབ་འདིའི་རིགས་འབྱོར་འཕྲལ་དུས་ཐོག་ཏུ་གཙང་སེལ་བྱེད་དགོས། གལ་ཏེ་སེམས་ཆུང་མ་བྱས་པར་མགོ་སྐོར་ཐེབས་ཚེ། དུས་ཐོག་ཏུ110ལ་ཁ་པར་བཏང་ནས་གྱོད་དོན་སྙན་སེང་ཞུ་དགོས་ཤིང་། དེར་མ་ཟད་དུས་ཐོག་ཏུ་ཕ་རོལ་བའི་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་བྱས་ཏེ་གྱོད་གཞི་ཐག་གཅོད་བྱ་བར་གཞོགས་འདེགས་བྱེད་དགོས།

རྩོམ་སྒྲིག་པ། སངས་བཀྲ།