ནམ་མཁའ་དང་ནམ་མཁའ་འདྲེས་རྗེས།
སྔོ་ཡུག་ཡུག་གི་གདུགས་ཆེན་པོ་ཞིག་ཏུ་གྱུར།
ས་གཞི་དང་ས་གཞི་འདྲེས་རྗེས།
སྒོ་ང་ལྟ་བའི་ཟླུམ་བུ་ཆེན་པོར་གྱུར།
མི་ཚོགས་དང་མི་ཚོགས་འདུས་རྗེས།
གྲོང་རྡལ་དང་གྲོང་ཁྱེར་རིམ་གྱིས་ཆགས་ནས།
འཁོར་བའི་འཁོར་ལོ་བསྐོར་མགོ་བརྩམས།
འཁོར་ལོ་འདི་བསྐྲུན་མཁན་རང་ཉིད་ཡིན་ལ།
བསྐོར་མཁན་ཡང་རང་ཉིད་ཤ་སྟག་ཡིན་ལགས།
ལས་འབྲས་ཀྱི་རྣམ་གཞག་འདིས།
རྟེན་འབྲེལ་གྱི་འཁོར་ལོ་འདིས།
ཁྱོད་རང་དགེ་སྡུག་གི་བསགས་འབྲས་ལས།
མཐར་ས་ཡེ་ནས་མེད།
མི་རིགས་མི་གཅིག་པ་དང་།
ཤ་མདོག་མི་འདྲ་བ།
ཐ་ན་རི་སྐྱེས་སྲོག་ཆགས་གང་ཡིན་ཡང་།
ལས་འབྲས་ཀྱི་ཞགས་པ་ལས།
མཐར་ས་ཡེ་ནས་མེད།
ང་ཚོའི་འདོད་ཆགས་ཀྱི་མེ་ལྕེ་འདིས།
ང་ཚོའི་ཞེ་སྡང་གི་རླུང་འཚུབ་འདིས།
ང་ཚོའི་གཏི་མུག་གི་མུན་པ་འདིས།
འཁོར་ལོ་འདི་བསྐོར་དགོས་བྱུང་།
ང་ཚོའི་ཧམ་སེམས་ཀྱི་བྲང་གཞུང་དོག་མོ་རུ།
སྟོང་གསུམ་གྱི་ནོར་བུ་བཅུག་ཀྱང་བློ་མི་ཚིམ།
དེ་བས། འདོད་ཞེན་གྱི་མེ་ལྕེ་འདིས།
ང་ཚོའི་ནང་སེམས་སྲེག་གིན་འདུག
གྲོགས་པོ་དག་གི་ནང་སེམས་སྲེག་གིན་འདུག
གཉེན་ཉེ་དག་གི་སེམས་ལ་སྨྲ་ཁ་བཟོ་བཞིན་འདུག
བསོད་ནམས་ཀྱིས་གྲུབ་པའི་ཕུང་པོ་འདི་རླག་གིན་འདུག
འཇིག་རྟེན་འདི་ཆུང་དུ་བཏང་ན།
ཧ་ཅང་ཆུང་།
འཇིག་རྟེན་འདི་ཆེ་རུ་བཏང་ཚེ།
ཧ་ཅང་ཆེའོ། །