1
དེ་རིང་གཟའ་མཇུག་ཡིན་པས། གློ་རྡེག་གིས་གཟའ་མཇུག་ཅེས་པའི་ཡིག་འབྲུ་གཉིས་ཀྱི་ནང་ཁྲོལ་ལ་འདང་ཞིག་རྒྱག་དགོས་བྱུང་ལ། དེ་རིང་ངལ་གསོ་ཡིན་པས་ངལ་རྩོལ་ལ་ཡང་ཕྱི་མིག་རེ་མི་འཁྲེང་ཀ་མེད་བྱུང་། དེ་བས་ངལ་གསོ་ལས་ངལ་རྩོལ་མང་ན་གཟའ་མཇུག་གི་འཚོ་བ་ལ་དོན་སྙིང་མཆིས་པའི་ཚོར་བ་ཞིག་བྱིན་སོང་།
2
འོ་སྐོལ་གཞུང་ལས་པ་དང་སློབ་གཉེར་བ་གང་ལ་མཚོན་ནས་གཞིགས་ན། གཟའ་འཁོར་རེར་ཉིན་བདུན་གྱི་ནང་ནས་ཆེས་སྨོན་ཡུལ་དུ་གྱུར་པའི་གཟའ་མཇུག་ཉིན་གཉིས་ནི་ཉིན་ལྔ་ལས་ལྡབ་ཀྱིས་རེ་སྙེག་གི་གཞིར་འཛིན་ལ། འཛུམ་གྱིས་བསུ་བའི་གཟའ་མཇུག་ནི་ཉིན་ལྔ་ལས་ཉིན་གཉིས་རེ་བཞག་ཏུ་འཛིན་པའང་ངང་ངམ་ཤུགས་ཀྱིས་ཆུ་བོའི་རླབས་བཞིན་ཐོན་གྱིན་འདུག
3
འཚོ་བར་ངལ་གསོ་ལས་ངལ་རྩོལ་མཁོ་གལ་ཆེ་བ་བཤད་མ་དགོས་ལ། ངལ་རྩོལ་ལས་ངལ་གསོ་དགའ་དུང་ཆེར་རྒྱས་པ་ཡང་དེང་དུས་ཀྱི་གོམས་འདྲིས་སུ་ཆགས་འདུག་པར་བཤད་ཆོག་ཅིང་། རྒྱུ་མཚན་ལས་གཉེར་བ་བྱིངས་ཀྱིས་གཟའ་མཇུག་ལ་བསྲིངས་པའི་འདུན་པ། ས་གནམ་མ་གཏོགས་མི་ཤེས་པའི་བྱམས་པའི་གསང་གཏམ་དང་། སྨོན་ཚིག་གི་གསེང་ན་སྦས་པའི་ཤིས་བརྗོད་སོགས་ཀྱིས་གཟའ་མཇུག་གི་རེ་འདུན་དེ་གསལ་འདེབས་དང་ར་འཕྲོད་ཡོང་།
4
འདང་རྒྱག་དང་མནོ་བསམ། བློ་མིག་ཡངས་པའི་བསམ་གཞིགས་བགྱིས་ཚེ། དོན་གོ་ཤེས་པ་དང་དོན་གཉེར་ལ་དགའ་བ་ཚོར་མཚོན་ན། གཟའ་མཇུག་གི་ཉིན་གཉིས་ལས་ལྡོག་སྟེ། ཉིན་ལྔ་ལ་རེ་སྨོན་དང་སྤྲོ་དགས་ཁེངས་ན་ལས་ལམ་འགྲོ་ཡོང་བར་ཕན་པར་མ་ཟད། ལས་གང་དང་དོན་ཅི་ཡོད་ཀྱི་བྱས་རྗེས་ནི་གཟའ་འཁོར་རེར་ཉིན་ལྔའི་ཡོང་འབབ་གང་ལ་བལྟས་ནས་གླེང་དགོས་པ་དང་བཤད་ཆོག་པར་གྱུར།
5
ད་དུང་། གཟའ་འཁོར་གཅིག་མགོ་བརྩམས་མ་ཐག་མིག་མདུན་གྱི་ལས་ནི་ཅི་མི་སྙམ་པར་བཞག་སྟེ། འབྱུང་འགྱུར་གཟའ་མཇུག་གི་ངལ་གསོར་རེ་སྨོན་བཅངས་ནས་ཉིན་ལྔར་ལས་དོན་དང་ཡོང་འབབ་ཅི་ཡང་མེད་ན། དེ་ནི་ལེ་ལོ་དང་སྒྱིད་ལུག་གིས་བདས་པའི་འདོ་མེད་ཀྱི་མི་ཞིག་ལས། རང་གི་ཚེ་སྲོག་ལྟ་བུའི་དུས་ཚོད་དང་། རང་གིས་ཆེས་གཅེས་པའི་ལུས་པོ་དང་ཆེས་ཐག་ཉེ་བའི་དབང་ཤེས་ལ་ཡིད་ཆེས་བག་ཞད་མེད་པའི་མི་ཞིག་ཏུ་འགྱུར་བར་ཉེན་ཁ་ཆེ་བ་དེ་རེད།
6
དེའི་ཕྱིར། གཟའ་མཇུག་དང་མཚུངས་པའི་ཉིན་ལྔར་སྤྲོ་སེམས་ཁོལ་བའི་སྣང་བ་ལས་ངལ་རྩོལ་གང་ཞིག་གཉེར་ཐུབ་ཏུ་གཞུག་རྒྱུ་དང་། ངལ་རྩོལ་ལས་ཉམས་མྱོང་དང་། ཉམས་མྱོང་དེས་དཀའ་སྡུག་ལམ་ཁྱེར་གྱི་འཇོན་ནུས་སྔོག་འདོན་བྱ་ཆོག་ལ། ལྟ་རིན་དང་ངོམ་རིན་ཡོད་པའི་ལས་གཉེར་གང་ཞིག་བགྱིས་ཐུབ་ཚེ། ད་གཟོད་གཟའ་མཇུག་ལ་ངལ་གསོ་ཡག་པོ་དང་སེམས་ལྷོད་ལྷོད་ངང་སྐྱིད་པོ་རེ་བཏང་ན་ཅིས་མི་ཆོག
7
ང་ལ་མཚོན་ན་གཟའ་མཇུག་ཅེས་པའི་ཐ་སྙད་ལ་གོམས་ལོབས་ཆེར་མེད་མོད། སློབ་སྦྱོང་དང་སློབ་ར་ན་མཆིས་པའི་མི་ལ་མཚོན་ན་གཟའ་མཇུག་ཅེས་པར་སྨོན་སེམས་དང་སྤྲོ་སྣང་ཞིག་གིས་ཁེངས་ཡོད། དེ་ནི་ཅི་ཁག་གཞུང་ལས་དང་ལས་གཉེར་གང་ཞིག་ཡིན་རུང་། ངལ་གསོ་རུང་བའི་ཉིན་ཞིག་ཡིན་པས་སོ། །
གང་ལྟར་གཟའ་མཇུག་ནི་མཐའ་མའི་ཉིན་ཞིག་གམ་མི་ཚེ་འདིའི་ཆེས་མཐའ་མའི་སྤྱི་སྡོམ་ལྟ་བུ་ཞིག་ཏུ་འགྱུར་བར་ཅི་འདྲའི་ཐག་ཉེ་བ་ལ་ཨང་།