ཟླ4པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་དང་། ལས་ཞུགས་བརྟན་བརླིང་དང་དཔལ་འབྱོར་བརྟན་བརླིང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ལ་ཞིབ་འཇུག་བྱས་པར་མ་ཟད། “3·15”དགོང་ཚོགས་ལས་ཐེར་འདོན་བྱས་པའི་གནད་དོན་ཐག་གཅོད་བྱེད་པའི་གནས་ཚུལ་སྙན་ཞུར་ཉན་ལ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་རོགས་སྐྱོར་བཅའ་ཁྲིམས》ལ་བགྲོ་གླེང་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩི་ཤིང་གི་སོན་རིགས་གསར་པའི་སྲུང་སྐྱོབ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་བསྟན་དོན། རྙོག་འཛིང་དང་ཛ་དྲག་ཆེ་བའི་ཕྱི་རོལ་ཁོར་ཡུག་གི་མདུན་དུ་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། 《སྲིད་གཞུང་བྱ་བའི་སྙན་ཞུའི》ནང་གསལ་བོར་བཏོན་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཏིང་ཟབ་ཏུ་གཏོང་བ། འཁོར་ཡུན་ལྡོག་པའི་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་པོ་དང་ཕྱི་ཕྱོགས་བརྟན་པོ་ཡོང་བ་བཅས་བྱས་ཏེ། ལས་ཞུགས་ནང་མཁོ་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་འཛད་སྤྱོད་ཀྱི་གྲུབ་ཆ་དང་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། རྒྱལ་ནང་གི་འཁོར་སྐྱོད་ཇེ་དྲག་ཏུ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱིས་ལས་ཞུགས་བརྟན་བརླིང་བྱ་རྒྱུར་སྐུལ་མ་གཏོང་བ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྒུད་གསབ་ལས་སྤྲོད་སོགས་ཀྱི་རྒྱབ་སྐྱོར་རྒྱ་ཆེར་གཏོང་བ། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཕྱིར་ཤུགས་སྣོན་པ་བཅས་བྱ་དགོས། ཕྱི་ཕྱོགས་ཚོང་དོན་དང་མ་དངུལ་གཏོང་བའི་འཕེལ་རྒྱས་བརྟན་པོ་ཡོང་བར་བྱས་ནས། ལས་རིགས་གཅིག་ལ་ཐབས་ཇུས་གཅིག་དང་ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་ཡོད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་རྒྱལ་ནང་དུ་ཡོང་ནས་དངུལ་གཏོང་བྱེད་པར་རྒྱབ་སྐྱོར་བྱ་དགོས། རྒན་གསོ་དང་བུ་སྐྱེས། རིག་གནས། ཡུལ་སྐོར་སོགས་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། དངུལ་གཏོང་ཐད་ཕན་ནུས་ལྡན་པའི་རྒྱ་བསྐྱེད་དེ་དམངས་ཁྲོད་ཀྱི་དངུལ་གཏོང་ཆེར་སྐྱེད་པའི་ཧུར་བརྩོན་ཇེ་དྲག་ཏུ་གཏང་དགོས། རྐང་འཛིན་ཁྲོམ་ར་རྒྱུན་མཐུད་བརྟན་བརླིང་བྱེད་དགོས་པ་དང་། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས། འབྲེལ་ཡོད་བྱེད་ཐབས་བཏོན་ཚེ་ཁེ་ལས་དང་མང་ཚོགས་ཀྱི་ཁྲོད་ཐད་ཀར་ཐོན་པས། ལག་བསྟར་ལས་ཆོད་མཐོར་འདེགས་སུ་བཏང་ནས། ལག་བསྟར་ཕན་འབྲས་ལ་ཁག་ཐེག་བྱ་དགོས།
གྲོས་ཚོགས་ལས་བསྟན་དོན།“3·15”དགོང་ཚོགས་ལས་ཐེར་འདོན་གནད་དོན་ཐེར་འདོན་དང་ཐག་གཅོད་བྱེད་པའི་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་དང་། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་དང་སྔོན་འགོག་བྱ་བར་ཤུགས་སྣོན་དགོས་ལ། དམངས་ཚིས་ལ་དོ་ཁུར་བྱེད་པའི་དོ་གནད་དང་སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས་པ་དང་། ཕྲེང་འབྲེལ་ཧྲིལ་པོའི་ལྟ་སྐུལ་དོ་དམ་དང་འགན་འཁྲི་སྔར་ལས་དམ་ཟབ་བྱས་ཏེ། བདེ་འཇགས་དང་བློ་བདེ་བའི་འཛད་སྤྱོད་ཁོར་ཡུག་བསྐྲུན་དགོས། ནུས་ཤུགས་ཡོད་རྒུས་གཞི་རིམ་གྱི་ལྟ་སྐུལ་དོ་དམ་ནུས་པའི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས་པ་དང་། སྲིད་འཛིན་ཁྲིམས་བསྟར་དང་ལྟ་སྐུལ་དོ་དམ་ནུས་པར་སྐུལ་འདེད་གཏོང་བ། རབས་གསར་པའི་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ལ་མཐོང་ཆེན་བྱས་ཏེ། དངོས་གནས་ལྟ་སྐུལ་དོ་དམ་གྱི་སྔོན་དཔག་རང་བཞིན་དང་གནད་འཁེལ་རང་བཞིན། དུས་ཡུན་རང་བཞིན་བཅས་མཐོ་རུ་གཏང་དགོས། བརྟོལ་བའི་རྣམ་པའི་ལྟ་སྐུལ་དོ་དམ་མ་ལག་འཚོལ་ཞིབ་བྱས་ཏེ་བཙུགས་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏང་དགོས།
གྲོས་ཚོགས་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་རོགས་སྐྱོར་སྐོར་གྱི་བཅའ་ཁྲིམས》ལ་གྲོས་བསྡུར་བྱས་པར་མ་ཟད་གྲོས་འཆམ་བྱུང་བ་དང་། འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཕུལ་ནས་གྲོས་ཞིབ་བྱ་རྒྱུའི་གཏན་འཁེལ་བྱས། གྲོས་ཚོགས་ལས་བསྟན་དོན། སྤྱི་ཚོགས་ཀྱི་རོགས་སྐྱོར་ནི་སྤྱི་ཚོགས་འགན་སྲུང་མ་ལག་ཁྲོད་ཚད་མཐའི་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཞིག་ཡིན་པས། ནུས་ཤུགས་གང་ཡོད་འདོན་པ་དང་རང་གི་ནུས་ཚད་ལྟར་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གནས་ཚུལ་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་ཀྱི་ཆུ་ཚད་གཏན་འཁེལ་བྱེད་པ་དང་། སྡེ་ཁག་གི་མཐུན་སྦྱོར་ལ་ཤུགས་བསྣན་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཟབ་ཞུགས་བྱེད་པར་སྐུལ་སློང་གང་ལེགས་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཚད་མཐའི་འགན་སྲུང་བྱེད་པའི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས།
གྲོས་ཚོགས་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩི་ཤིང་གི་སོན་རིགས་གསར་པའི་སྲུང་སྐྱོབ་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། ཐེངས་འདིའི་སྲོལ་ཡིག་དག་བཅོས་བྱེད་པ་གོ་སྐབས་སུ་བརྩིས་ནས། སོན་ལས་དར་སྤེལ་གཏོང་བའི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་ཏེ། རྩི་ཤིང་གི་སོན་རིགས་གསར་པའི་བདག་དབང་སྲུང་སྐྱོབ་ལ་སྔར་ལས་ཤུགས་བསྣན་ནས། འདེབས་འཛུགས་ལས་རིགས་ཀྱི་གསར་གཏོད་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱ་དགོས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།