ཉེ་ལམ། ཞིང་ཆེན་དམངས་ཆེན་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཁྲིམས་འཛིན་ཐིན་དང་མཉམ་འབྲེལ་བྱས་ནས་མཚོ་སྔོན་ཞིང་ཆེན་བཅའ་ཁྲིམས་རོགས་སྐྱོར་གྱི་གཏན་ཁེལ་འགའི་ཁྲིམས་འཛུགས་རྟོག་ཞིབ་སྤེལ།
རྟོག་ཞིབ་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་སོགས་ས་ཆར་སོང་ནས། ཡུལ་དངོས་ལྟ་ཞིབ་དང་ཚགས་ཡིག་བཤེར་ཀློག མང་ཚོགས་ལ་འཚམས་འདྲི་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། འབྲེལ་ཡོད་སྡེ་ཁག་སོ་སོའི་བཅའ་ཁྲིམས་རོགས་སྐྱོར་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས། གྲོས་གཞི་བསམ་འཆར་བསྡུ་ལེན་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། བཅའ་ཁྲིམས་རོགས་སྐྱོར་ནི་རྒྱལ་ཁབ་ཀྱིས་བཙུགས་པའི་དཔལ་འབྱོར་གྱི་དཀའ་ཁག་ཡོད་པའི་སྤྱི་དམངས་དང་དམིགས་བསལ་གྱོད་གཞིའི་དོ་བདག་ལ་དགོས་ངེས་ཀྱི་བཅའ་ཁྲིམས་བློ་འདྲི་དང་ལས་ཚབ། ཉེས་དོན་དག་སེལ་སོགས་ཀྱི་རིན་མེད་བཅའ་ཁྲིམས་ཞབས་ཞུ་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་པ་དང་། དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་བཅའ་ཁྲིམས་ལག་བསྟར་ཡང་དག་བྱེད་པར་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་བྱེད་པའི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཞིག་ཡིན། རྙིང་འདོར་གསར་འཛུགས་ཀྱི་རྣམ་པ་བརྒྱུད་དེ་རང་ཞིང་གི་བཅའ་ཁྲིམས་རོགས་སྐྱོར་གྱི་གཏན་ཁེལ་འགའ་གཏན་འབེབས་བྱས་པ་དང་། དེ་ནི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ལག་བསྟར་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བའི་དགོས་ངེས་ཀྱི་རེ་བ། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་འདྲ་མཉམ་དྲང་གཞག་མྱོང་ཚོར་བྱེད་དུ་འཇུག་པའི་བྱེད་ཐབས་གལ་ཆེན་ཡིན་ལ། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་བཅའ་ཁྲིམས་ལག་བསྟར་ཡང་དག་བྱེད་པར་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། རྟོག་ཞིབ་ཚན་ཆུང་གིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བཅའ་ཁྲིམས་རོགས་སྐྱོར་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་བྱེད་ཐབས་ལ་དབྱེ་ཞིབ་དང་སྤྱི་སྡོམ་ནན་མོ་བྱེད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཡར་ཞུ་བྱས་པའི་གནད་དོན་དང་དཀའ་ཁག་ལ་ཞིབ་འཇུག་ཟབ་མོ་བྱེད་པ། བཅའ་ཁྲིམས་རོགས་སྐྱོར་གྱི་སྤྱད་འཐུས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་རོགས་སྐྱོར་གྱི་སྒོ་ཐེམ་ཇེ་དམའ་རུ་གཏོང་བ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་བཅའ་ཁྲིམས་རོགས་སྐྱོར་བྱ་བར་རྒྱབ་སྐྱོར་བྱེད་པ་དང་དེའི་ཁྲོད་ཞུགས་པའི་ལམ་ལུགས་རྐྱེན་སྲོལ་ལ་རྩོད་སྒྲུབ་བྱས་ཏེ། ཁྲིམས་སྲོལ་ལམ་ལུགས་འཛུགས་ཐུབ་པ་དང་བཀོལ་ཆོག་པ། གོ་ཆོད་པར་བྱེད་པ་དང་། མི་དམངས་མང་ཚོགས་ལ་དངོས་གནས་ཕན་འདོགས་ཐུབ་པར་བྱེད་རྒྱུ་རེད།