མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ཁུལ་དུ་རྟོག་ཞིབ་བཞུགས་མོལ་བྱས།

  2025-04-16 10:02:25 

ཟླ4པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་རྟོག་ཞིབ་བཞུགས་མོལ་བྱས། ཁོས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོ་ཡིད་ལ་དམ་པོར་འཛིན་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་རྟགས་དང་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཡང་དག་སྒོས་དམ་འཛིན་བྱེད་པ། བཅོས་སྒྱུར་ལ་བརྟེན་ནས་གསོན་ཤུགས་བསྐྱེད་པ་དང་སྒོ་འབྱེད་ལ་བརྟེན་ནས་བར་སྟོང་རྒྱ་བསྐྱེད་པ། གསར་གཏོད་ལ་བརྟེན་ནས་སྒུལ་ནུས་ཆེ་རུ་གཏོང་བ་བཅས་བྱེད་པ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཐོན་ལས་ཚུར་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུའི་མཚོ་བྱང་གི་ལག་ལེན་ལ་འབད་དགོས།

མཚོ་བྱང་ཁུལ་ནི་མདེལ་གཉིས་སྐར་གཅིག་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན། ཝུའུ་ཞའོ་ཅུན་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་བཟོ་སྐྲུན་རྟེན་གཞི་དང་པོའི་ཡན་ལག་བཟོ་གྲྭའི་རྗེས་ཤུལ་དང་མཐོན་པོ་རིའི་སྐྱེ་ཁམས་ཡུལ་སྐོར་དམར་པོའི་ཞིབ་སློབ་རྟེན་གཞིར་སོང་ནས། ཡུལ་དངོས་སུ་ལོ་རྒྱུས་རིག་གནས་རྗེས་ཤུལ་ལ་སྲུང་སྐྱོབ་དང་དེ་བེད་སྤྱོད་གནས་ཚུལ་ལ་བལྟས་པ་དང་། དམར་པོའི་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར། གྲོང་གསེབ་དར་སྤེལ། སློབ་གསོ་ཞིབ་སློབ་བཅས་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་བྱང་གི་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། མཚོ་བྱང་ཁུལ་མཐོ་སྒང་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཚན་རྩལ་དཔེ་སྟོན་ཁུལ་དུ། ཝུའུ་ཞའོ་ཅུན་གྱིས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་ཚུར་སྒྱུར། ལེགས་འདེབས་གསོ་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཚན་རིག་ཞིབ་འཇུག་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། མཐོ་སྒང་གི་འདེབས་འཛུགས་ལས་རིགས་འགྲེམ་སྟོན་བརྗེ་རེས་ལ་ཤུགས་སྣོན་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་བཏང་ནས། མང་ཚོགས་ཕྱུག་པོར་བསྒྱུར་བའི་ཁྱད་ལྡན་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་རྗེས།  མཚོ་བྱང་གིས་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་དང་དེང་རབས་ཅན་ལ་འབད་པས་བསྐྱོད་པར་ཁ་གཏད་ན། མཚོ་བྱང་གི་འཕེལ་རྒྱས་དེ་མགོ་རྩོམ་ས་གསར་བ་ཞིག་ཏུ་གནས་པ་དང་། ཕྱོགས་སོ་སོའི་བྱ་བ་ཚང་མ་འགག་རྩའི་དུས་རིམ་གསར་བར་གནས་ཡོད་པས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་ནི་ནང་གནས་བླང་བྱ་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཟབ་སྤེལ་བྱེད་པའི་ཐད་ཚད་གཞི་སྔར་ལས་མཐོན་པོ་རྒྱུན་འཁྱོངས་བྱེད་པ་དང་སྔར་ལས་ཐོད་བརྒལ་ཆེན་པོ་འབྱུང་བར་བྱས་ཏེ། སྐོར་ཐེངས་གསུམ་པའི་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་བསྟན་པའི་གནད་དོན་ལེགས་བཅོས་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་གི་བྱ་བ་སྣ་ཚོགས་ལ་གཅིག་འདོམས་ལེགས་པོ་བྱས་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་དཔེ་སྟོན་གྱི་ནུས་པ་འདོན་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཚད་གཞི་སྔར་ལས་མཐོན་པོ་རྒྱུན་འཁྱོངས་བྱེད་པ་དང་མགྱོགས་མྱུར་སྒོས་ཚུར་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། རང་གི་ཁུལ་གནས་ཀྱི་དགེ་མཚན་ལ་རྐང་བཙུགས་ནས། ཁ་གཏད་རོགས་སྐྱོར་གྱི་རྐྱེན་སྲོལ་བེད་སྤྱོད་གང་ལེགས་བྱེད་པ་དང་། ཞིང་ཕྱུགས་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། སྐྱེ་ཁམས་ཡུལ་སྐོར་གྱི་གསོན་ཤུགས་གསར་བ་བསྐྱེད་པ། དམར་པོའི་ཡུལ་སྐོར་དང་ཉམས་ལེན། ཞིབ་སློབ་བཅས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་དེ། ས་གནས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་ཚད་གཞི་སྔར་ལས་མཐོན་པོ་རྒྱུན་འཁྱོངས་བྱེད་པ་དང་ཉམས་མྱོང་སྔར་ལས་བཟང་པོ་འཚོལ་ཞིབ་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། སྤུས་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་བྱེད་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་བསྣན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་རྒྱུན་མཐུད་སྒོས་སྒྲུབ་དགོས། དམངས་ཚིས་བདེ་སྐྱིད་ལ་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱེད་པའི་ཐད་ཚད་གཞི་སྔར་ལས་མཐོན་པོ་རྒྱུན་འཁྱོངས་བྱེད་པ་དང་དོན་དངོས་ཀྱི་བྱ་བ་སྔར་ལས་མང་པོ་ལེགས་པོར་སྒྲུབ་པ། སྤྱི་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མས་སྐྱོར་རང་བཞིན་བཅས་ཀྱི་དམངས་ཚིས་འགན་སྲུང་ལ་ཤུགས་སྣོན་པ་དང་། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་མི་འགྱུར་བའི་ཚད་མཐའ་མཐའ་གཅིག་ཏུ་བརྟན་པོར་སྲུང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་བརྟེན་ནས་སྡེ་བ་སྟོབས་ལྡན་དུ་བསྒྱུར་བའི་ལས་གཞི་ལག་བསྟར་གང་ལེགས་བྱེད་པ་དང་། གསར་དར་གྲོང་རྡལ་ཅན་འཕེལ་རྒྱས་ཐད་ཀྱི་མི་འདང་ས་མྱུར་མོར་ཁ་གསབ་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ཚད་གཞི་སྔར་ལས་མཐོན་པོ་རྒྱུན་འཁྱོངས་བྱེད་པ་དང་བླང་བྱ་སྔར་ལས་ནན་མོ་དངོས་འབེབས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་མོར་སྤེལ་བ་དང་། མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་གནད་དོན་མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱེད་པ། ལས་བྱེད་པའི་ལྟ་སྐུལ་དོ་དམ་ལ་མུ་མཐུད་དུ་ཤུགས་བསྣན་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་དྲག་པོར་བསྒྱུར་དགོས།

ཝང་ཏ་ནན་དང་ཀྲུའུ་ཞཱང་ཧྥིན་གཉིས་རྟོག་ཞིབ་བཞུགས་མོལ་ལ་ཞུགས།


རྩོམ་སྒྲིག་པ། མདོ་སྡེ་རྒྱལ།