ཟླ4པའི་ཚེས11ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་དུ་སྡོད་པའི་ཚོང་ཚོགས་ཁ་ཤས་ཀྱི་འགན་ཁུར་མི་སྣ་དང་བཞུགས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལྟར། ནུས་ཤུགས་བཏོན་ནས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱིའི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གསར་སྐྲུན་བྱེད་པ་དང་། དམངས་གཉེར་ཁེ་ལས་སྟོབས་ལྡན་དུ་བསྒྱུར་བར་རྒྱབ་སྐྱོར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏང་དགོས།
བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣས་སྙན་ཞུ་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་ཧྥུའུ་ཅན་ཚོང་ཚོགས་དང་ཀན་སུའུ་ཚོང་ཚོགས། ཀྲེ་ཅང་ཚོང་ཚོགས། ཧྲན་ཏུང་ཚོང་ཚོགས། ཧྲན་ཞི་ཚོང་ཚོགས་བཅས་ཀྱི་འགན་ཁུར་མི་སྣས་སོ་སོར་གཏམ་བཤད། ཅང་སུའུ་ཚོང་ཚོགས་དང་ཧི་ནན་ཚོང་ཚོགས། ཧི་པེ་ཚོང་ཚོགས། ཁྲུང་ཆིན་ཚོང་ཚོགས། ཀེའུ་ཀྲིའུ་ཚོང་ཚོགས་བཅས་ཀྱི་འགན་ཁུར་མི་སྣས་སོ་སོར་ཚོང་གཉེར་ཁོར་ཡུག་རྩེ་གྲ་གསར་སྐྲུན་བྱེད་པའི་ཐད་གྲོས་གཞི་དང་བསམ་འཆར་བཏོན།
ལའོ་ཏུང་ཁྲོན་གྱིས་ནན་ཏན་སྒོས་ཉན་པ་དང་རེ་རེ་བཞིན་ལན་བཏབ་ལ། ཚང་མ་དང་མཉམ་དུ་བརྗེ་རེས་ཟབ་མོ་བྱས། ཁོས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གི་དམངས་གཉེར་དཔལ་འབྱོར་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ལས་ཞུགས་རྒྱ་བསྐྱེད་པ། ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། མིག་སྔར། ཞིང་ཆེན་གོང་འོག་ཡོངས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་གློག་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བཞིན་པའི་སྒང་ཡིན་ལ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེ་ཞིང་ནུས་པ་འདོན་ས་མང་ལ། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པས་འཇོན་ནུས་མངོན་པའི་དུས་ལ་ཐོན་ཡོད་ཟེར།
ལའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་ངལ་དང་དུ་བླངས་ཏེ། མིག་སྔའི་དཔལ་འབྱོར་གནས་བབ་ལ་ཕྱོགས་ཡོངས་དང་ལུགས་མཐུན། གཟབ་ནན་བཅས་ཀྱི་སྒོ་ནས་ལྟ་སྟངས་འཛིན་པ། ཡིད་ཆེས་བརྟན་པོ་ཡོད་ན། དཀའ་ཁག་སེལ་བའི་བྱེད་ཐབས་ཡོད་སྲིད་པར་ཡིད་ཆེས་བརྟན་པོ་བཅངས་པ། དཀའ་ཁག་དང་འགྲན་རྩོད་ཁྲོད་འཕེལ་རྒྱས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་ཐུན་མོང་ལྟ་བ་གཅིག་ཏུ་བསྡུ་བ། འབད་བརྩོན་བྱས་ན་རྒྱལ་ཁ་ཐོབ་སྲིད་པའི་ངར་སེམས་ལ་བརྟེན་ནས་ཀྲུང་གོའི་དཔལ་འབྱོར་གྱི་འོད་ཟེར་སྨྲ་བའི་བསམ་ཕྱོགས་སྒྲོག་པ། ཏན་ཏན་ཏིག་ཏིག་གིས་རང་ཉིད་ཀྱི་བྱ་བ་བཟང་པོར་བསྒྲུབ་སྟེ། རང་ངོས་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཁོར་ཡུག་གི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་དགོས། མཚོ་སྔོན་དུ་རྐང་འཛུགས་པ་དང་བབ་བསྟུན་མདུན་སྐྱོད་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ། བཀོད་པ་ལེགས་བསྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ཁེ་ལས་ཀྱི་སྤུས་ཚད་དང་ཕན་འབྲས། སྲོག་ཤིང་འགྲན་རྩོད་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ། ཁ་དན་ཚིག་ལ་གནས་པ་དང་ཁྲིམས་སྲུང་ཚོང་གཉེར་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱས་ནས། འགུལ་སྐྱོད་དངོས་ལ་བརྟེན་ནས་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་དགོས། སེམས་ཤུགས་གཅིག་ཏུ་བསྡུ་བ་དང་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་གཙོ་གཞི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཚོང་ཚོགས་ཀྱི་ཁྱད་འཕགས་ནུས་པ་འདོན་སྤེལ་བཟང་པོ་བྱེད་པ། ནུས་ལྡན་ཚོང་ར་དང་ནུས་ལྡན་སྲིད་གཞུང་གཉིས་ཟུང་འབྲེལ་བཟང་པོ་བྱེད་པར་སྐུལ་འདེད་གཏོང་བ། དམངས་གཉེར་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་དཀའ་གནད་ལ་དམིགས་ནས། ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་འཕེལ་རྒྱས་ཐད་ཀྱི་དཀའ་ཁག་ཐག་གཅོད་བཟང་པོ་བྱ་དགོས། ཁྲིམས་ལྟར་འདྲ་མཉམ་སྒོས་ཐོན་སྐྱེད་རྒྱུ་རྐྱེན་བཀོལ་སྤྱོད་བྱེད་པ་དང་དྲང་བདེན་སྒོས་ཚོང་རའི་འགྲན་རྩོད་ཁྲོད་ཞུགས་པའི་གེགས་རྐྱེན་སྣ་ཚོགས་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་། རྨང་གཞི་སྒྲིག་ཆས་ཀྱི་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་དེ་རིགས་མི་འདྲ་བའི་ཚོང་གཉེར་གཙོ་གཞི་སྣ་ཚོགས་ཕྱོགས་སུ་སྤྱི་སྙོམས་སྒོ་འབྱེད་བྱེད་པ། ཁྲིམས་ལྟར་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ཏེ། དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏང་དགོས།
ཚོགས་འདུའི་སྔོན་དུ། ལའོ་ཏུང་ཁྲོན་མཚོ་སྔོན་ཞིང་ཆེན་ཀན་སུའུ་ཚོང་ཚོགས་དང་ཧྥུའུ་ཅན་ཚོང་ཚོགས་སུ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ཚོང་ཚོགས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་ཏང་འཛུགས་བྱ་བ། རིག་གནས་ཚོང་ཚོགས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས་ལ། ཁོ་ཚོས་ཁྱད་འཕགས་ཀྱི་དགེ་མཚན་དང་ཟམ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ནས། ཚོང་ཚོགས་ཀྱི་ཚོང་འགུག་བཟང་པོར་སྤེལ་བ་དང་། ཁེ་ལས་འཕེལ་རྒྱས་ཐད་ཞབས་འདེགས་བཟང་པོ་ཞུས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་སྐུལ་མ་བཏང་།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཚོགས་འདུར་ཞུགས།