མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལའོ་ཏུང་ཁྲོན་གྱིས་མཚོ་ནུབ་ཁུལ་དང་ཡུས་ཧྲུའུ་ཁུལ་དུ་རྟོག་ཞིབ་བྱས།

590  2025-04-11 09:13:36 

ཟླ4པའི་ཚེས8ནས་ཚེས9ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པ། ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་། རང་བྱུང་ཁམས་ལ་བརྩི་བཀུར་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ། ལངས་གནས་སྔར་ལས་མཐོན་པོ་དང་འདུ་ཤེས་སྔར་ལས་གསར་སྒྱུར། བྱེད་ཐབས་སྔར་ལས་ནུས་ལྡན་བཅས་ལ་བརྟེན་ནས། སེམས་ཤུགས་ཡོད་རྒུས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པ་དང་། སྟོབས་ཤུགས་གཅིག་སྡུད་སྒོས་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་ལྡན་ཞིང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་མཚོན་བསྐྲུན་དགོས།

ལའོ་ཏུང་ཁྲོན་འབྲི་ཆུའི་མགོ་ཁུངས་ཀྱི་སྐུ་ལྷ་མདའ་མདུང་ས་ཆར་སོང་ནས། ཡུལ་དངོས་སུ་འཁྱགས་རོམ་དང་འཁྱགས་སར་སྲུང་སྐྱོབ་བྱེད་པ་སོགས་ཀྱི་གནས་ཚུལ་ལ་བལྟས། ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་མཐོ་ཚད་ནས་ལངས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ནན་མོ་བྱེད་པ་དང་། རི་ཆུ་ནགས་གསུམ་དང་། ཞིང་མཚེའུ་རྩྭ། བྱེ་མ། འཁྱགས་རོམ། འཁྱགས་ས་བཅས་ཀྱི་གཞི་གཅིག་ཅན་སྲུང་སྐྱོབ་དང་མ་ལག་གི་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། མགོ་ཁུངས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་སྟོད་རྒྱུད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་དགོས།  གདང་ལ་གྲོང་རྡལ་གྱི་འབྲི་ཆུའི་འབྲོག་ཁྱིམ་དང་པོ་སྟེ་འབྲོག་དམངས་ཏིས་ཐིས་ཚང་དུ། ལའོ་ཏུང་ཁྲོན་གྱིས་སྐྱེ་ཁམས་ཐོན་སྐྱེད་འཚོ་བ་སོགས་ཀྱི་གནས་ཚུལ་ལ་སེམས་ཁུར་དང་འདྲི་རྩད་བྱས། ཏིས་ཐིས་ཚང་གི་མི་རབས་གསུམ་གྱིས་འབྲི་ཆུའི་མགོ་ཁུངས་བརྟན་སྲུང་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་སྐབས། ལའོ་ཏུང་ཁྲོན་གྱིས་སེམས་འགུལ་ཆེན་པོས་ཁྱེད་ཅག་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་མཁན་གྱི་ཐོག་མའི་སེམས་འདུན་དང་ལས་འགན་ལ་འགྲེལ་བཤད་བྱས་པས། སེམས་ཀྱི་གཏིང་ལ་སིམ་པའི་སྐྱེ་ཁམས་རིན་ཐང་ལྟ་བ་འདི་དག་དྲིལ་སྒྲོག་དང་རྒྱུད་འཛིན་དར་སྤེལ་བཟང་བོ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་ལྟ་བ་དེ་སྔར་ལས་མིའི་སེམས་སུ་འཇགས་པར་བྱེད་དགོས་ཞེས་བཤད།

བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ། ལའོ་ཏུང་ཁྲོན་གྱིས་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ལས་ཡུལ་དང་པོའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་བྱེད་མི་སྣར་འཚམས་འདྲི་བྱས། ཁོས་བཤད་རྒྱུར། ཁྱེད་ཅག་གིས་དུས་ཡུན་རིང་པོར་གངས་འཁྱགས་ལ་མ་འཛེམ་པར་ཕྱི་རོལ་ཡུལ་ནས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། ཨ་ཆེན་གངས་རྒྱབ་དེ་མིང་དོན་མཚུངས་པའི་སྲོག་ཆགས་ཀྱི་གླིང་ག་ཞིག་ཏུ་གྱུར་ཡོད་པས། ལས་འགན་ཡིད་ལ་དམ་པོར་འཛིན་པ་དང་རྒྱུད་མཐུད་སྒོས་འབད་པ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཨ་ཆེན་གངས་རྒྱབ་བརྟན་སྲུང་བྱེད་པའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་སྐྱེ་ཁམས་སློབ་གསོ་མཉམ་འདྲེས་མཐུན་སྦྱོར་བྱེད་པར་སྐུལ་འདེད་བཏང་ནས། བློ་རྩ་བརྟན་ལ་རང་རྟོགས་སྒོས་སྐྱེ་ཁམས་ལྟ་སྲུང་པ་བཟང་པོ་ཞིག་བྱེད་པའི་རེ་བ་བཅངས་ཡོད། དེར་མ་ཟད་འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་ཀྱི་འགན་འཁུར་མི་སྣས་ཁོ་ཚོའི་བྱ་བ་དང་འཚོ་བར་ཐུགས་ཁུར་བྱེད་པ་དང་། ཚང་མའི་བྱ་བ་བདེ་བླག་དང་འཚོ་བར་བདེ་ཐང་ཡོང་བའི་མངགས་བཅོལ་བྱས། དེའི་རྗེས། ལའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་མཚེའུའི་ཆུ་ཕྱིར་མཆེད་པར་ཁ་གཏད་འཇལ་བའི་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་བལྟས་པ་དང་། གཅིག་འདོམས་སྒོས་ཚད་ལེན་སྔོན་བརྡ་དང་ཉེན་ཁ་དཔྱད་འཇོག སྣེ་ཁྲིད་ཁ་འགྲེམ་སོགས་ཀྱི་བྱ་བ་ཡག་པོར་བསྒྲུབ་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་བརྟན་བརླིང་སྒོས་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ལའོ་ཏུང་ཁྲོན་གཡུ་འབྲུག་ལྷ་རྩེ་གྲོང་རྡལ་ཆུང་བ་དང་། ཁུ་ནུ་རི་རྒྱུད་འཛམ་གླིང་ས་གཤིས་སྤྱི་གླིང་། ཁུ་ནུ་རི་བོའི་ཉག་ག ཁུ་ནུ་རི་བོའི་ཚད་རིམ་བརྒྱད་དང་གྲངས་ཆུང་གཅིག་ཅན་གྱི་ས་ཡོམ་རྗེས་ཤུལ་བཅས་སུ་སོང་ནས། ཡུལ་དངོས་སུ་སྲུང་སྐྱོབ་འཛུགས་སྐྲུན་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་ལ་་རྒྱུས་ལོན་བྱས་རྗེས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པ་དེ་ཁྲིད་སྟོན་དུ་བྱས་ནས། གཅིག་འདོམས་འཆར་འགོད་ལ་སྔར་ལས་དོ་སྣང་བྱེད་པ་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྔར་ལས་དོ་སྣང་བྱེད་པ། སྤུས་ཀ་མཐོར་འདེགས་གཏོང་བར་སྔར་ལས་དོ་སྣང་བྱེད་པ། ཚན་རིག་གི་ཁྱབ་གདལ་དྲིལ་སྒྲོག་ལ་སྔར་ལས་དོ་སྣང་བྱེད་པ། གནོད་འགོག་གནོད་སེལ་ལ་སྔར་ལས་དོ་སྣང་བྱེད་པ། མཉམ་འགུལ་མཐུན་སྦྱོར་ལ་སྔར་ལས་དོ་སྣང་བྱེད་པ་བཅས་བྱས་ནས། ཧུར་ཐག་སྒོས་སྐྱེ་ཁམས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས།
ཁུ་ནུ་རི་བོའི་གཏེར་ཆུའི་ཀུང་ཟི་རུ། ལའོ་ཏུང་ཁྲོན་གྱིས་ཀུང་ཟིའི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། རང་བྱུང་གཏེར་ཆུའི་ཆུའི་འབྱུང་ཁུངས་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། གསར་གཏོད་གསར་སྤེལ་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཐོན་རྫས་གསར་སྤེལ་ལེགས་པོ་བྱེད་པ་དང་། ཐོན་རྫས་རིགས་སྣ་ཕུན་སུམ་ཚོགས་པར་གཏོང་བ། ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་བ། ཚོང་གཉེར་ཐབས་ལམ་རྒྱ་བསྐྱེད་པ་དང་། བཟོ་ལས་ཡུལ་སྐོར་གཅིག་འདོམས་སྒོས་འཕེལ་རྒྱས་གཏོང་བ། ནུས་ཤུགས་ཡོད་རྒུས་ཟོང་རྟགས་གྲགས་ཅན་བསྐྲུན་པ་བཅས་བྱས་ཏེ། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་སྤྱི་ཚོགས་ཕན་འབྲས་བཅས་གཅིག་གྱུར་མངོན་འགྱུར་བྱེད་དགོས།
ཁྲིན་ཅི་ཝེ་མཉམ་དུ་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། སངས་བཀྲ།