ཟླ4པའི་ཚེས3ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ལུགས་ཆེས་ནན་མོ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་རྨ་ཆུའི་ཉེན་བརྡའི་བརྙན་ཐུང་སོགས་ཀྱི་གནད་དོན་དག་ཐེར་བྱ་བར་སྐུལ་འདེད་ནན་མོ་གཏོང་བ། ཕྱོགས་མང་མཐུན་སྦྱོར་བྱས་ནས་ཤུགས་འདོན་པ་དང་མཉམ་འཛིན་སྤྱི་འདོམས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་པ་མུ་མཐུད་དུ་བསྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། སྐོར་ཞིབ་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དམ་འཛིན་བྱེད་པ། སྐོར་ཞིབ་ཀྱི་མཇུག་མཐའི་བྱ་བ་ལེགས་པོར་བསྒྲུབ་པ་དང་། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་སྲུང་སྐྱོང་གཉིས་ལེགས་པོར་བསྒྲུབ་སྟེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་མཁན་དང་འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་བྱ་དགོས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྤྱིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་ཚབ་པར་ཐུག་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་མཉམ་འདྲེས་ཟབ་མོ་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་མཉམ་སྐྲུན་བྱེད་པ་དང་། ན་གོར་མོའི་སྐམ་སའི་གྲུ་ཁའི་རྣམ་པའི་རྒྱལ་ཁབ་དངོས་རྒྱུག་སྦྲེལ་གནས་འཛུགས་སྐྲུན་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་ནུབ་ཕྱོགས་ལ་སྒོ་འབྱེད་པའི་འགག་རྩ་གལ་ཆེན་བསྐྲུན་དགོས། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་ལམ་སྲོལ་དང་སྦྲེལ་མཐུད་བྱེད་པ་དང་། ཕྱི་དངུལ་གྱི་ཆོག་མཐུས་ཚོད་འཛིན་ཇེ་ལྷོད་དུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱེད་པ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་རྒྱུན་མཐུད་སྒོས་བསྐྲུན་པ་དང་། སྲིད་གཞུང་དང་ཁེ་ལས་ཀྱི་རྒྱུན་རྣམ་ཅན་གྱི་འབྲེལ་འདྲིས་བརྗེ་རེས་ཟབ་སྤེལ་བྱས་ཏེ། ཁེ་ལས་རིགས་མི་འདྲ་བས་མཚོ་སྔོན་དུ་བློ་བདེ་ངང་མ་དངུལ་གཏོང་བ་དང་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་རྒྱབ་སྐྱོར་བྱ་དགོས།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ཉེ་དུས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་ནུས་མཐོའི་ཁེ་ལས་དང་འབྲེལ་བའི་རིན་བསྡུའི་ལྟ་སྐུལ་དོ་དམ་ལམ་ལུགས་འཛུགས་པ་དང་། ཁེ་ལས་ཀྱི་མ་དངུལ་ཆད་འགྱངས་བྱེད་པ་མེད་པར་གཏོང་བར་མགྱོགས་མྱུར་སྒོས་ཤུགས་བསྣན་ནས། ཁེ་ལས་ཀྱི་ཡིད་ཆེས་ཇེ་བརྟན་དང་མ་རྩ་ཇེ་དམའ་རུ་གཏོང་བ། ཕན་ནུས་ཇེ་མཐོར་འགྲོ་བ། གོམ་སྟབས་བརྟན་པོས་འཕེལ་རྒྱས་འགྲོ་བ་བཅས་ལ་རོགས་ཤུགས་འདོན་དགོས། སྐོར་གསར་བའི་ས་ཁོངས་བརྒལ་བའི་གློག་རྡུལ་ཉོ་ཚོང་གི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་རྒྱ་བསྐྱེད་བྱ་བ་ལེགས་པོར་བསྒྲུབ་པ་དང་། འགག་སྒོ་སྒོ་འབྱེད་རྣམ་པ་ལེགས་སྒྱུར་བྱེད་ལ། སྦྲེལ་གནས་གཙོ་བོ་དང་ཁུལ་ཁོངས་ཀྱི་འགག་སྒོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། རྒྱལ་སྤྱིའི་རེས་འཁོར་གྱི་སྤུས་ཀ་ཇེ་ལེགས་དང་གྲངས་ཀ་ཇེ་མང་དུ་འགྲོ་བར་སྐུལ་འདེད་གཏང་དགོས། ཞིང་ལས་འཕྲུལ་ཆས་ཉོ་བ་དང་། བེད་སྤྱོད་ཁ་གསབ། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་སོགས་ཀྱི་སྲིད་ཇུས་བྱེད་ཐབས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཞིང་ལས་འཕྲུལ་ཆས་སྒྲིག་བཀོད་ཐོན་རྫས་རིམ་སྤོར་ལ་སྐུལ་འདེད་གཏང་དགོས།
གྲོས་ཚོགས་ལས་ད་དུང་འབྲེལ་ཡོད་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། བྱ་བའི་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་། ཞིབ་འཇུག་རིགས་སྒྲུབ་ཟབ་མོ་བྱེད་པ། ཚོང་འགུག་དངུལ་འདྲེན་ལ་ཤུགས་བསྣན་ནས། པུའུ་ཨུར་མཇལ་འཛོམས་བྱེད་པ་དང་ཁེ་ལས་ལ་འཚམས་འདྲི་བྱེད་པ། ཐོན་ལས་འོས་སྦྱོར་བྱེད་པ་བཅས་ཀྱི་གྲུབ་འབྲས་དོན་འཁྱོལ་བཟང་པོ་དང་ཚུལ་སྒྱུར་ལེགས་པོ་བྱ་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། ཐོན་ལས་ཕྲེང་སྦྲེལ་འཐུས་ཚང་དུ་གཏོང་བ། ཁྱད་ལྡན་ཚོང་རྟགས་གསོ་སྤེལ་བྱེད་པ། ཚད་གཞིའི་མ་ལག་འཐུས་ཚང་འཛུགས་པ་དང་། མཚོ་སྔོན་འཐེན་ཐུག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། དཔྱིད་དུས་ཀྱིས་ཞིང་འབྲོག་ལས་ཐོན་སྐྱེད་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཞིང་འདེབས་དུས་ཚིགས་བཟང་པོ་དམ་འཛིན་བྱས་ནས་དཔྱིད་འདེབས་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབ་པ་དང་། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་འདོན་སྤྲོད་ལ་འགན་སྲུང་བྱེད་པའི་ནུས་པ་མུ་མཐུད་དུ་ཆེ་རུ་གཏང་དགོས། དྲིལ་སྒྲོག་ཤུགས་ཚད་ཇེ་ཆེར་གཏོང་བ་དང། འཛད་སྤྱོད་རྣམ་པ་ཕུན་སུམ་ཚོགས་པར་བཏང་ནས། བྱ་བའི་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ་དང་། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པའི་ནུས་པ་རྒྱུན་ཆད་མེད་པར་འདོན་དགོས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།