ལོ་ཧྲིལ་པོའི་ཁྲིམས་འཛུགས་འཆར་གཞིའི་བཀོད་སྒྲིག་གཞིར་བཟུང་སྟེ། ཉེ་ལམ་ཞིང་ཆེན་དམངས་ཆེན་ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་ཚན་ཆུང་བཙུགས་ཏེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་ཁྲིམས་འཛུགས་བརྟག་དཔྱད་ཞིབ་འཇུག་བྱས།
བརྟག་དཔྱད་ཞིབ་འཇུག་ཚན་ཆུང་སྔ་རྗེས་སུ་མཚོ་བྱང་ཁུལ་གྱི་ནད་ཀྱིས་ཤི་བའི་ཕྱུགས་རིགས་དང་། ཁྱིམ་བྱ་སོགས་ནད་ཀྱིས་ཤི་བའི་སྲོག་ཆགས་ཀྱི་བེམ་རོ་གཅིག་བསྡུས་གནོད་མེད་ཐག་གཅོད་ལྟེ་གནས། རྐང་ཚ་རྫོང་ཕྱུགས་སྨན་ས་ཚིགས། ཁེ་རམས་ཐང་ཡུལ་སྐོར་གནམ་གཤིས་རང་འགུལ་ས་ཚིགས། ཧའེ་ཡན་རྫོང་ཟུར་གསུམ་གྲོང་རྡལ་ཕྱུགས་སྨན་ས་ཚིགས། ཏུང་ཏ་ཐན་ཆུ་མཛོད་སོགས་སུ་སོང་སྟེ་སྲོག་ཆགས་ཀྱི་རིམས་འགོག་དང་། གློག་འཁྱུག་འགོག་སྲུང་། ཆུ་བེད་བཟོ་སྐྲུན་དོ་དམ་སྲུང་སྐྱོབ། ཕྱུགས་ལས་སོགས་ཀྱི་བྱ་བའི་ད་ལྟའི་གནས་ཚུལ་དང་དཀའ་གནད་། གནད་དོན་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས་འབྲེལ་ཡོད་སྲོལ་ཡིག་བཟོ་བཅོས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས།
བརྟག་དཔྱད་ཞིབ་འཇུག་ཚན་ཆུང་གིས་བསྟན་དོན། ཁྲིམས་ལུགས་ཀྱི་ནུས་པར་བརྟེན་ནས་སྲོག་ཆགས་ཀྱི་རིམས་འགོག་དང་གནམ་གཤིས་གནོད་འཚེ་འགོག་སྲུང་འགན་ལེན་དང་ཞབས་འདེགས་ཞུ་རྒྱུ་ནི། རིམ་པ་སོ་སོའི་དམངས་ཆེན་དང་སྲིད་གཞུང་གི་གཡོལ་ཐབས་མེད་པའི་ལས་འགན་དང་འགན་འཁྲི་ཡིན། ཆབ་སྲིད་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་དང་ཁྲིམས་ལྟར་ཁྲིམས་འཛུགས་རྒྱུན་འཁྱོངས་བྱེད་པ། གོང་རིམ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་གཞུང་གི་སྒྲིག་སྲོལ་སློབ་སྦྱོང་དང་ཞིབ་འཇུག་དམ་འཛིན་ཡག་པོ་བྱེད་པ། ཁྲིམས་འཛུགས་བདེན་དཔང་ཚོགས་འདུ་དང་དཔང་ཉན་ཚོགས་འདུ། བཞུགས་མོལ་ཚོགས་འདུ་བཅས་ནན་ཏན་གྱིས་རྩ་འཛུགས་བྱས་ནས། ཁྲིམས་འཛུགས་ཀྱི་ཡང་དག་པའི་ཁ་ཕྱོགས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། ནན་ཏན་གྱིས་ཁྲིམས་ལུགས་གཅིག་གྱུར་སྲུང་སྐྱོང་བྱེད་དགོས། སྤུས་ཚད་འདུ་ཤེས་ཆེ་རུ་གཏོང་བ་དང་། གནད་དོན་གྱི་ཁྲིམས་འཛུགས་རྒྱུན་འཁྱོངས་བྱེད་པ། ཁྲིམས་འཛུགས་བརྟག་ཞིབ་གཏིང་ཟབ་སྤེལ་བ། འབྲེལ་ཡོད་ཁྱབ་ཁོངས་སུ་འཕྲད་པའི་གནས་བབ་དང་ལས་འགན་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱེད་པ། བཅའ་ཁྲིམས་ཀྱི་ངོས་ནས་ཐག་གཅོད་བྱེད་དགོས་པའི་གནད་དོན་གྱི་ཞན་ཆ་ནན་ཏན་གྱིས་འཚོལ་བ་དང་། བཅའ་ཁྲིམས་གཏན་འབེབས་ཀྱི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་རུ་གཏོང་དགོས། ཁྱད་ཆོས་འདུ་ཤེས་ཇེ་ཆེར་གཏོང་བ་དང་དམངས་གཙོའི་ཁྲིམས་འཛུགས་རྒྱུན་འཁྱོངས་བྱེད་པ། བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཏེ། ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་དམངས་ཆེན་གྱི་འཐུས་མི་རྣམས་ཀྱིས་གཞི་རིམ་དང་བྱེད་སྒོར་རྒྱུས་མངའ་ཡོད་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ནས་ དམངས་ཀྱི་འདོད་བློར་ཉན་པ་དང་དམངས་ཀྱི་དགོས་མཁོར་རྒྱུས་ལོན་བྱས་ཏེ། བཅའ་ཁྲིམས་ཀྱི་གཏན་འབེབས་དོན་དངོས་དང་མཐུན་པ་དང་ཁྱད་ཆོས་འབུར་དུ་ཐོན་པ་འགན་ལེན་བྱེད་དགོས།