ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་ཟླ3པའི་ཚེས25ཉིན་ཟི་ལིང་དུ་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧུང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་རེ་གསུམ་གྲོས་ཚོགས་ལ་ཞུགས་པ་དང་། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།
ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་སྐབས་ནན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཟང་བོ་བྱེད་རྒྱུ་ནི། མིག་སྔར་གྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་སྤྱི་ཡོངས་ཀྱི་བྱ་བར་གསལ་རྟོགས་བྱས་པ་མཚོན་ལ། དེར་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མདུན་ལྟ་རང་བཞིན། མཛུབ་སྟོན་རང་བཞིན་ཆེན་པོ་ལྡན། ཨུ་ཡོན་དང་འཐུས་མི་སོ་སོ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚོགས་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས། ཚོགས་ཆེན་སྟེང་གྲོས་འཆམ་བྱུང་བའི་སྙན་ཞུ་དང་གྲོས་ཆོད་སྣ་ཚོགས་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། དམིགས་འབེན་ལས་འགན་སྣ་ཚོགས་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བར་ཞིབ་བསྡུར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་ཚིས་ལེགས་བསྒྱུར། མི་རིགས་མཐུན་སྒྲིལ་ཡར་ཐོན། ཏང་གི་འཛུགས་སྐྲུན་སོགས་གཙོ་གནད་བྱ་བ་གཙིགས་འཛིན་བྱས་ཏེ། ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས། ད་ལྟ་སྤེལ་བཞིན་པའི་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོར་ཟུང་འབྲེལ་བྱེད་པ་དང་། གནད་དོན་དག་ཐེར་ལེགས་བཅོས་བྱས་པ་བརྒྱུད་དེ་སྤྱོད་ཚུལ་བསྒྱུར་བ་དང་ནུས་པ་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་བ། སྤྱོད་ཚུལ་བཟང་བོས་ལས་སྒྲུབ་ལས་སྐྲུན་བྱས་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དེ་དམངས་ཆེན་གྱིས་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་ལག་ལེན་དངོས་སུ་བསྒྱུར་དགོས། གསར་དུ་བཟོ་བཅོས་བྱས་པའི་འཐུས་མིའི་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུ་གོ་སྐབས་སུ་བརྩིས་ཏེ། འཐུས་མིའི་བྱ་བ་ཟབ་སྒྱུར་དང་རྒྱ་སྐྱེད་པ། འཐུས་མིས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ནས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་བཟང་བོ་བྱེད་པ་དང་འཐུས་ཚང་དུ་གཏོང་བ། བཀོལ་སྤྱོད་བཟང་བོ་བྱེད་པ་བཅས་བྱེད་དགོས། རང་ཞིང་གི་འཐུས་མིའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་བྱེད་ཐབས་དུས་ཐོག་ཏུ་བཟོ་བཅོས་བྱས་ནས། འཐུས་མིའི་གྲོས་གཞི་བསྒྲུབ་པའི་བྱ་བའི་སྤུས་འབྲས་ཇེ་མཐོར་གཏོང་བ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་དགེ་མཚན་མངོན་གསལ་འདོན་སྤེལ་གང་ལེགས་བྱེད་དགོས།
ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་སྤྲད་པའི་འབྲེལ་ཡོད་མི་དོན་བྱ་བའི་གནས་ཚུལ་་སྐོར་གྱི་གསལ་བཤད་ལ་ཉན་པ་དང་། འགན་ཁུར་རྩིས་ཡོད་པའི་མི་སྣས་འགན་མ་ཁུར་པའི་སྔོན་གྱི་གཏམ་བཤད་སྤེལ།
ཚོགས་ཐོག་ནས་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན་གྱི་ཐེངས་གཉིས་པའི་གྲོས་ཞིབ་མ་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་ཁྱིམ་ཚང་སློབ་གསོའི་སྐུལ་སྤེལ་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད། ཞིང་ཆེན་མི་དམངས་སྲིད་གཞུང་གི་དངུལ་རྩའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི2024ལོའི་སྙན་སེང་ཞིབ་བཤེར་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།
ཚོགས་ཐོག་ཏུ། ཟི་ལིང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྐོར་ཞིག་ལ་བཟོ་བཅོས་བྱེད་པ་དང་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན་དང་། ཟི་ལིང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྐོར་ཞིག་ལ་བཟོ་བཅོས་བྱེད་པ་དང་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན་ཁྲོད་ཀྱི་སློབ་གསོ་ཚན་རིག་དང་རིག་གནས་འཕྲོད་བསྟེན་ཕྱོགས་དང་འབྲེལ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྐོར་གྱི་ཞིབ་བཤེར་སྙན་ཞུ། ཟི་ལིང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྐོར་ཞིག་བཟོ་བཅོས་བྱེད་པ་དང་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན་ཁྲོད་ཀྱི་ཁོར་ཡུག་ཐོན་ཁུངས་ཕྱོགས་དང་འབྲེལ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྐོར་གྱི་ཞིབ་བཤེར་སྙན་ཞུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་གྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་གྱི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག་མེད་པར་བཟོ་བའི་ཆོད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཚོང་རའི་དོ་དམ་སྲོལ་ཡིག་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཚོང་རའི་དོ་དམ་སྲོལ་ཡིག་མེད་པར་བཟོ་བའི་ཆོད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུ། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དམངས་འཐུས་ཚོགས་ཆེན་གྱི་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་མཁར་གྲོང་གི་ཕྱིའི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་དོ་དམ་སྲོལ་ཡིག་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དམངས་འཐུས་ཚོགས་ཆེན་གྱི་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་མཁར་གྲོང་གི་ཕྱིའི་རྣམ་པ་དང་ཁོར་ཡུག་གཙང་སྦྲའི་དོ་དམ་སྲོལ་ཡིག་མེད་པར་བཟོ་བའི་ཆོད་དོན་སྐོར་གྱི་ཞིབ་བཤེར་སྙན་ཞུ་བཅས་པར་འགྲེམ་བྱས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་མེ་ཕེན་དང་། ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིའུ་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་བཅས་གྲོས་ཚོགས་ལ་ཟུར་དུ་ཞུགས།