ཟླ3པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་ཞིང་ལས་གཞུང་ལས་ཁང་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་། ཞིང་ཆེན་ཆུ་བེད་ཐིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཞིང་ཆེན་ནགས་རྩྭ་ཅུས་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་གྱི་གུད་ཚབ་ལས་སྤྲོད་རྣམ་གྲངས་ཀྱི་སྡེ་མིས་རང་འཛུགས་བྱ་བའི་ཕྱོགས་སྟོན(ཚོད་ལྟའི་ལག་ལེན།)》(གཤམ་ནས《བྱ་བའི་ཕྱོགས་སྟོན》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས། འདི་ནི་རང་རེའི་ཞིང་ཆེན་གྱིས་བཟོ་ལས་གུད་ཚབ་ལས་སྤྲོད་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྣམ་གྲངས་སྦྲེལ་མཐུད་བྱེད་ཐབས་གསར་གཏོད་བྱེད་པ། ངལ་ལས་རྩ་འཛུགས་ཀྱི་རྣམ་པ་འཐུས་ཚང་དུ་གཏོང་བ་ཡིན་པས། དེ་ལས་རང་རེའི་ཞིང་ཆེན་གྱིས་སྲིད་ཇུས་ལག་བསྟར་བྱེད་པའི་སྒྲིག་སྲོལ་གསར་གཏོད་བྱེད་པ་དང་། མང་ཚོགས་ཀྱི་ནང་སེམས་ཀྱི་སྒུལ་ཤུགས་ལ་སྐུལ་སློང་བྱེད་པའི་ཐད་ནས་འཕེལ་རྒྱས་གསར་བ་བྱུང་བ་མཚོན།
གུད་ཚབ་ལས་སྤྲོད་ནི་མང་ཚོགས་ཀྱིས་ཉེ་འཁོར་ནས་ལས་ཞུགས་བྱས་ནས་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་སློང་བྱེད་པ་དང་། ངལ་རྩོལ་ལག་རྩལ་ཇེ་མཐོར་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ལས་ཞུགས་དམིགས་བསལ་ཡིན་པའི་འཐབ་ཇུས་ལག་ཏུ་བསྟར་བ། བགོ་བཤའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་མཉམ་དུ་འབྱོར་ཕྱུག་ཡོང་བར་སྐུལ་སློང་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན། 《བྱ་བའི་ཕྱོགས་སྟོན》གྱིས་ཞིང་ཆེན་གྱི་གནས་ཚུལ་ངོ་མ་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། གུད་ཚབ་ལས་སྤྲོད་ཀྱི་གྲོང་མིས་རང་འཛུགས་རྣམ་པར་ཧུར་ཐག་གིས་ཉམས་ཞིབ་བྱས་ནས་རྫོང་དང་ཤང་། སྡེ་བ་བཅས་རིམ་པ་གསུམ་གྱིས་སྡེ་མིས་རང་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཚད་གཞི་ལྡན་པའི་སྒོ་ནས་དོ་དམ་བྱེད་པའི་མ་ལག་བཙུགས། བྱ་བའི་འཁོར་སྐྱོད་བརྒྱུད་རིམ་དང་ནང་དོན། ཚད་གཞི། རྣམ་གྲངས་འཆར་འགོད་སོགས་གཙོ་བོར་བཟུང་ནས་ངལ་ལས་མང་ཚོགས་གཏན་འཁེལ་དང་། ངལ་ལས་ཀྱི་གླ་ཕོགས་སྟེར་བ། དངོས་ཟོག་ཉོ་སྒྲུབ། ལག་བསྟར་ལ་སྐུལ་འདེད་གཏོང་བ། ལས་ཀ་འགྲུབ་ནས་ཞིབ་བཤེར་བྱེད་པ་སོགས་གནད་འགག་གི་བརྒྱུད་རིམ་ཞིབ་ཚགས་སུ་བཏང་། རྣམ་གྲངས་ཀྱི་སྔོན་འབྲིང་རྗེས་གསུམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ཟུར་ལྟའི་རྣམ་པར་གཅིག་གྱུར་འཆར་འགོད་བྱས་ཏེ། གྲོང་མིས་རང་འཛུགས་ཀྱི་ལས་འགན་སོ་སོ་ལག་བསྟར་དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་ནུས་ལྡན་གྱི་འདེགས་སྐྱོར་མཁོ་འདོན་བྱས། སྡེ་མིས་རང་འཛུགས་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་པ་བརྒྱུད་གུད་ཚབ་ལས་སྤྲོད་རྣམ་གྲངས་ལག་ཏུ་བསྟར་བས། ཚད་ཡོད་ཀྱི་མ་དངུལ་སྔར་ལས་མང་བའི་རྣམ་གྲངས་འཛུགས་སྐྲུན་སྤྱོད་ཐུབ་པ་མ་ཟད། ངལ་ལས་གླ་ཕོགས་སྤྲོད་པའི་བསྡུར་ཚད་སྔར་ལས་མཐོ་རུ་བཏང་ནས། ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བའི་སྒོ་ནས་ཡོང་འབབ་དམའ་བའི་མང་ཚོགས་ས་གནས་དང་ཉེ་འགྲམ་དུ་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱེད་ཐུབ་ལ། ད་དུང་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། མང་ཚོགས་གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་པའི་ནང་སྐྱེས་སྒུལ་ཤུགས་ལ་སྐུལ་སློང་བྱེད་པ་དང་། མང་ཚོགས་ཀྱི་བདག་པོའི་འདུ་ཤེས་ལ་སྐུལ་སློང་བྱེད་པ། རྣམ་གྲངས་བཟོ་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། མཐར་ཐུག་རོང་འབྲོག་པའི་ཡོང་འབབ་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་གཉིས་གོང་དུ་སྤེལ་བ་མངོན་འགྱུར་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན།
་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས《བྱ་བའི་ཕྱོགས་སྟོན》དེ་མིག་སྔར་དང་དེང་ཕྱིན་གྱི་དུས་སྐབས་ངེས་ཅན་ཞིག་གི་གུད་ཚབ་ལས་སྤྲོད་ཀྱི་རྣམ་གྲངས་ལག་ལེན་ཏུ་བསྟར་བའི་གནད་འགག་གི་ལག་འཇུ་ས་ཞིག་ཏུ་བརྩིས་ནས། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཆ་རྐྱེན་འཛོམས་པའི་ས་ཁུལ་འདེམས་པར་མཛུབ་སྟོན་བྱས་ཏེ། གྲོང་མིས་རང་འཛུགས་བྱེད་སྟངས་སྟེང་གུད་ཚབ་ལས་སྤྲོད་རྣམ་གྲངས་ཀྱི་ཚོད་ལྟའི་ལས་དོན་ལག་ལེན་ཏུ་བསྟར་ནས། གུད་ཚབ་ལས་སྤྲོད་དེ་མང་ཚོགས་ལས་ཞུགས་ཀྱི་ཐབས་ལམ་གལ་ཆེན་ཞིག་དང་གྲོང་གསེབ་འཛུགས་སྐྲུན་གྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་འགྱུར་བ་དང་། ལས་ཞུགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་བསྡུ་ལེན་གཏིང་ཟབ་བྱེད་པ་དང་། ངལ་ལས་གླ་ཕོགས་སྤྲོད་པའི་གཞི་ཁྱོན་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བའི་འགག་རྩའི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་གང་ལེགས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་ཕན་ནུས་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་པར་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱི་སྟོབས་ཤུགས་འབུལ་རྒྱུ་རེད།