མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད།

  2025-03-22 19:41:43 

ཟླ3པའི་ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་དངུལ་བསྡུ་བའི་ཡུན་ཕན་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་འབྲེལ་ཡོད་བྱེད་ཐབས་ལ་ཞིབ་འཇུག་དང་། 《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བསྟན་དོན། ཁེ་ལས་དང་འབྲེལ་བའི་གྲོན་དངུལ་བསྡུ་བའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱུ་ནི་ཁེ་ལས་ཀྱི་གཉེར་སྐྱོང་མ་རྩ་ཇེ་དམའ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། གནད་དོན་གྱི་ཁྲིད་ཕྱོགས་དང་འགོག་བཅོས་མཉམ་སྤེལ་དང་། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ཏེ། སྲིད་གཞུང་སྡེ་ཁག་དང་ཁོངས་གཏོགས་སྡེ་ཁག སྲིད་འཛིན་ཞིབ་མཆན་མཚམས་སྦྱོར་ཞབས་ཕྱིའི་ལས་ཁུངས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས། རང་བྱུང་སྒེར་སྡོམ་རིམ་པའི་ཚོང་གཉེར་ལས་སྒོའི་ཁེ་ལས་སོགས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུ་བྱེད་པོར་དམིགས་ཏེ། བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་བྱས་ཏེ་ཕན་ནུས་མཐོ་བའི་ཡུན་རིང་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་དགོས། ཁེ་ལས་དང་འབྲེལ་བའི་གྲོན་བསྡུའི་དཀར་ཆག་གི་རྩིས་ཐོའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གྲོན་བསྡུའི་ལས་གཞི་ཚང་མ་རྩིས་ཐོའི་ནང་འཇུག་དགོས་པར་མ་ཟད་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ནས། ཞབས་ཕྱིའི་ནང་དོན་དང་ཞབས་ཕྱིའི་ཚད་གཞི། གྲོན་བསྡུའི་གྲངས་ཚད་བཅས་གསལ་པོ་བྱས་ཏེ། རྩིས་ཐོ་ལས་གཞན་པའི་གྲོན་དངུལ་བསྡུ་མི་ཆོག་པ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ནས་ཁེ་ལས་དང་འབྲེལ་བའི་གྲོན་བསྡུའི་སྲིད་ཇུས་གཙང་བཤེར་བྱ་དགོས། སྒྲིག་འགལ་གྲོན་བསྡུ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་གཞི་འཛིན་ས་མེད་པ་དང་། དབང་ཆ་ལས་བརྒལ་ནས་བཙུགས་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་ལས་གཞི་ཚང་མ་མེད་པར་བཟོ་དགོས། རང་དགར་བསྡུ་ལེན་གྱི་ཚད་གཞི་མཐོ་རུ་གཏོང་བ་དང་བསྡུ་ལེན་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པའི་བྱ་སྤྱོད་མཐའ་གཅིག་ཏུ་ཡོ་བསྲང་བྱ་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་སྲིད་ཇུས་གསར་དུ་འདོན་དགོས་ཚེ། ཁྲིམས་མཐུན་རང་བཞིན་དང་དྲང་བདེན་རང་བཞིན། དེ་མིན་སྤྱི་ཚོགས་ཀྱི་སྔོན་དཔག་ཤུགས་རྐྱེན་སོགས་ཀྱི་ཐད་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གནད་དོན་གྱི་ཁུངས་སྣེ་བསྡུ་བ་དང་ཐག་གཅོད་བྱེད་པའི་ལམ་སྲོལ་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་ཡོངས་མཉམ་དུ་ཟབ་ཞུགས་བྱེད་པ་དང་མཐུན་སྦྱོར་བཅོས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཚོང་གཉེར་བྱེད་པོ་སྣ་ཚོགས་ཀྱི་སྔོན་དཔག་སྔར་ལས་བརྟན་པོ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏང་དགོས།

གྲོས་ཚོགས་ལས《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། ཐེངས་འདིའི་དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་བཟོ་བཅོས་དོན་འཁྱོལ་བྱས་ནས། མང་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་པ་དང་། ཉེ་བའི་ལོ་འགའི་རིང་གཉེན་སྒྲིག་ཐོ་འགོད་ཀྱི“ཞིང་ཆེན་ལས་བརྒལ་ནས་སྒྲུབ་པ”སོགས་བཅོས་སྒྱུར་ཚོད་ལྟའི་གྲུབ་འབྲས་དེ་བཅའ་ཁྲིམས་ལམ་ལུགས་སུ་མཐོར་འདེགས་བཏང་ནས། གཉེན་སྒྲིག་ཐོ་འགོད་བྱ་བ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། གཉེན་སྒྲིག་ཐོ་འགོད་ཞབས་ཕྱི་ཇེ་ལེགས་སུ་གཏོང་རྒྱུར་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས་ཡོད། “ལས་ཆོད་ཆེ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་ཐུབ་པའི”བླང་བྱ་གཞིར་བཟུང་ནས། རྒྱལ་ཡོངས་ཀྱི་གཉེན་སྒྲིག་རྨང་གཞིའི་ཆ་འཕྲིན་མཛོད་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་པ།  གཉེན་སྒྲིག་ཐོ་འགོད“རྒྱལ་ཡོངས་སུ་སྒྲུབ་ཆོག་པ”མངོན་འགྱུར་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་བ་དང་། གཉེན་སྒྲིག་ཐོ་འགོད་ཞབས་ཕྱི་ཚད་གཞི་ཅན་དང་། ཚད་ལྡན་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཕྱོགས་བསྡུས་རང་བཞིན་གྱི་གཉེན་སྒྲིག་དང་ཁྱིམ་ཚང་ཞབས་ཕྱིའི་མཛུབ་ཁྲིད་བྱ་བ་དང་གཉེན་སྒྲིག་ཁྱིམ་ཚང་ཟུར་ཁྲིད་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་ཡོན་ལྡན་པའི་གཉེན་སྒྲིག་གོམས་སྲོལ་དར་སྤེལ་བཏང་ནས། ཁྱིམ་ཚང་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ། ཡ་རབས་ཚུལ་ལྡན་གྱི་གཉེན་སྒྲིག་དང་བུ་བཙའི་རིག་གནས་གསར་པ་འཛུགས་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།