མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལི་ཆང་གིས་ཧྥུའུ་ཅན་དུ་གཟིགས་ཞིབ་མཛད།

  2025-03-21 22:38:36 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ3པའི་ཚེས18ཉིན་ནས་ཚེས20ཉིན་བར་ཧྥུའུ་ཅན་དུ་གཟིགས་ཞིབ་མཛད།

ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚོགས་ཆེན་གཉིས་ཀྱིས་གཏན་ལ་ཕབ་པའི་ལས་འགན་སྣ་ཚོགས་དོན་འཁྱོལ་ནན་མོ་བྱས་ཏེ། བརྟན་འཇགས་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་སྣ་ཚོགས་ལ་ཐད་ཀར་གདོང་གཏད་ནས། ཡིད་ཆེས་བརྟན་པོ་དང་དཀའ་ངལ་ཁྱད་བསད་ཀྱིས་མདུན་སྐྱོད་བྱས་ཏེ། གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཕྱི་ཕྱོགས་ཚོང་དོན་བརྟན་འཇགས་ཀྱི་བྱ་བ་ལེགས་པོར་སྒྲུབ་སྟེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་དགེ་མཚན་གསར་པ་མྱུར་དུ་བསྐྲུན་དགོས།

ཆོན་ཀྲོའུ་རུ་ལི་ཆང་ཨན་ཐ་སྡེ་ཚོགས་སུ་ཕེབས་ནས། ཁེ་ལས་ཀྱི་ཕྱི་ནང་གི་བཀོད་སྒྲིག་དང་སྤུས་རྟགས་ཚོང་གཉེར་སོགས་ཀྱི་ངོ་སྤྲོད་གནས་ཚུལ་ལ་གསན། ཁོང་གིས་བསྟན་དོན། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་གི་མདུན་དུ་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་བ་དང་སྤུས་རྟགས་སྟོབས་ལྡན་དུ་གཏོང་བ་སོགས་ཀྱི་ཐད་འབད་བརྩོན་སྔར་ལས་ཆེན་པོ་བྱས་ཏེ། ཐོན་རྫས་སྔར་ལས་ལེགས་པོར་ཁྲོམ་རའི་དགའ་བསུ་ཐོབ་པར་བྱེད་པ་དང་མཉམ་དུ། སྣེ་ཁྲིད་ཁེ་ལས་དང་ལས་རིགས་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ལས་རིགས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། ཅིན་ཅང་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ནི་དམངས་གཉེར་ཁེ་ལས་ཀྱིས་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་པའི་ཕྱི་ཕྱོགས་ཚོང་དོན་ཞབས་ཕྱིའི་སྟེགས་བུ་ཞིག་ཡིན་པ་དང་། ལི་ཆང་གནས་དེར་ཕེབས་ནས“འགག་སྒོ་གཉིས་དང་སྟེགས་བུ་གཉིས”ཀྱི་ཐད་ནས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་སྐམ་སའི་གྲུ་ཁའི་སྦྲེལ་ཐག་ཧྲིལ་པོའི་ཞབས་ཕྱིའི་ནུས་པ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་དོ་དམ་བྱེད་སྟངས་ཇེ་ལེགས་སུ་བཏང་ནས། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་སྔར་ལས་ནུས་ལྡན་གྱི་འདེགས་སྐྱོར་མཁོ་འདོན་བྱ་དགོས་ཞེས་གསུངས། ཧྲི་ཧྲི་གྲོང་ཁྱེར་གྱི་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཕྱི་ལྟེ་གནས་སུ་ལི་ཆང་གིས་གསོ་སྐྱོང་ཁེ་ལས་ཀྱི་དཔེ་མཚོན་གྱོད་དཔེ་སོགས་ཀྱི་གནས་ཚུལ་སྙན་ཞུར་གསན། ཁོང་གིས་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་དགོས་མཁོར་དོ་ཁུར་བྱས་ནས་གཅིག་འཐུས་རྣམ་པའི་ཕྱོགས་བསྡུས་ཞབས་ཕྱི་མཁོ་འདོན་བྱས་ཏེ། བཅའ་སྡོད་ཁེ་ལས་ཀྱིས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་པར་སྐུལ་མ་བཏང་ནས། གོ་རིམ་མེད་པའི་འགྲན་རྩོད་དང་ལྷག་པར་སྤུས་ཚད་གཅིག་མཚུངས་དང་རིན་གོང་དམའ་བའི་འགྲན་རྩོད་ལ་ངོ་རྒོལ་བྱ་དགོས་ཞེས་གསུངས།

ཞ་མིན་དུ་ལི་ཆང་ཞ་མིན་ཐའེ་ཀུའུ་གནམ་གྲུའི་བཟོ་སྐྲུན་ཚད་ཡོད་ཀུང་ཟིར་ཕེབས་ནས་ཉམས་གསོའི་ལས་སྒོ་འཕེལ་རྒྱས་སུ་གཏོང་བ་དང་ཕྱི་རྒྱལ་གྱི་མངགས་ཐོ་སོགས་ཀྱི་ངོ་སྤྲོད་གནས་ཚུལ་ལ་གསན། ལི་ཆང་གིས་བསྟན་དོན། ཀྲུང་གོས་ཞབས་ཕྱིའི་ལས་རིགས་སྒོ་འབྱེད་སྔར་ལས་རྒྱ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས། ཞབས་ཕྱིའི་ཉོ་འཚོང་འཕེལ་རྒྱས་ཀྱི་སྦས་ཤུགས་མུ་མཐུད་དུ་འདོན་སྤེལ་བྱ་དགོས། མ་དངུལ་ནང་འདྲེན་དང་བརྟན་འཇགས་ཀྱི་ཚད་ཆེ་རུ་བཏང་སྟེ་ཕྱི་རྒྱལ་གྱི་མ་དངུལ་ཁེ་ལས་གོང་དུ་སྤེལ་བར་རྒྱབ་སྐྱོར་སྔར་ལས་ལེགས་པོ་བྱ་དགོས། མེ་ཐུའུ་དྲ་བའི་ཚན་རྩལ་ཚད་ཡོད་ཀུང་ཟི་རུ་ལི་ཆང་གིས་གཟུགས་བརྙན་མཉེན་ཆས་ཉེར་སྤྱོད་འགྲེམས་སྟོན་ལ་གཟིགས་པ་དང་། ཞིབ་འཇུག་གསར་སྤེལ་མི་སྣ་དང་གླེང་མོལ་མཛད་དེ་ཁོ་ཚོར་ལས་གཏོད་གསར་སྐྲུན་གྱི་གསོན་ཤུགས་རྒྱུན་འཁྱོངས་བྱས་ནས་ཐོན་རྫས་རིམ་འཇུག་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། སྤྱོད་མཁན་གྱི་ཉམས་ལེན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ལས་རིགས་སྔར་ལས་མང་པོར་ནུས་པ་འདོན་སྤྲོད་བྱ་རྒྱུའི་སྐུལ་མ་གནང་།

གཟིགས་ཞིབ་གནང་སྐབས་སུ། ལི་ཆང་གིས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད། ཁེ་ལས་བརྒྱད་ཀྱི་འགན་འཁུར་བའི་གཏམ་བཤད་ལ་གསན་རྗེས། ལི་ཆང་གིས་མིག་སྔའི་ཕྱི་ཕྱོགས་ཚོང་དོན་གྱི་གནས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཡིན་པས་བློ་བརྟན་འགྱུར་མེད་ངང་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་། གོ་ལ་ཧྲིལ་པོར་རྒྱང་ལྟ་བྱེད་པ། གོ་སྐབས་དམ་འཛིན་བཅས་བྱས་ཏེ་མཐུན་སྒྲིལ་དང་འགྲན་སློང་མཉམ་དུ་བསུ་བ་དང་། རླུང་རླབས་ལ་འཐབ་འཛིང་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། སྣ་མང་ཅན་གྱི་ཁྲོམ་ར་ཤུགས་ཆེན་པོས་གསར་འབྱེད་བྱེད་པ་དང་། ཉོ་འཚོང་གི་ཐབས་ལམ་དང་བྱེད་སྟངས་ཧུར་ཐག་གིས་གསར་སྐྲུན་བྱེད་པ། ཐོན་རྫས་ཀྱི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་བ། རྒྱལ་ནང་དང་ཕྱི་ཕྱོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བཅས་བྱ་དགོས། ལི་ཆང་གིས་སྲིད་གཞུང་རིམ་པ་ཁག་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། དམངས་གཉེར་ཁེ་ལས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་འཕེལ་རྒྱས་ཀྱི་ཁོར་ཡུག་དེ་ལས་ལེགས་པོ་ཧུར་ཐག་གིས་འདོན་སྤྲོད་བྱ་དགོས། རྒྱ་ཆེའི་དམངས་གཉེར་ཁེ་ལས་པས“འབད་བརྩོན་བྱས་ན་གཞི་ནས་རྒྱལ་ཐུབ”ཅེས་པའི་སྙིང་སྟོབས་དེ་དར་སྤེལ་བཏང་སྟེ། རང་ངོས་འཕེལ་རྒྱས་སྔར་ལས་ཆེན་པོ་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཝུའུ་ཀྲིན་ལུང་མཉམ་དུ་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།