ཟླ3པའི་ཚེས18ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་རྟོག་ཞིབ་བཞུགས་མོལ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་སེམས་ལ་བརྟན་པོར་འཛིན་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་རེ་བ་ལྟར། ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ཚོགས་ཆེན་གྱི་ལས་འགན་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ། ཧུར་ཐག་གིས་ལེགས་བརྩོན་བྱེད་པ་དང་འགན་ཁུར་ཕྲག་ཏུ་བླངས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་མཚོ་ཤར་གྱི་ལག་ལེན་རྒྱུན་མ་ཆད་པར་འཚོལ་ཞིབ་བྱེད་དགོས།
ད་ལོར། མཚོ་ཤར་གྲོང་ཁྱེར་གྱིས་ལས་གཞི་གཙོ་བོ་གནད་འགག་ཏུ་བྱས་པ་དང་། བྱ་བ་སྣ་ཚོགས་ཐད་ནས་ལེགས་བརྩོན་གནས་འདྲིལ་དང་སྒོ་འབྱེད་ཧུར་བརྩོན་བྱས་པས། གྲུབ་འབྲས་བཟང་པོ་བླངས། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་སྔ་གཞུག་ཏུ་མཚོ་སྔོན་ཧྭ་རུའེ་མཚོ་ཤར་ལྗང་མདོག་རྩིས་ནུས་ཐོན་ལས་གླིང་དང་མཚོ་ཤར་ཧུང་ཧྲི་གློག་འདྲེན་ཕྱེད་གཟུགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཧྲིན་ཏའོ་ཞོག་ཁོག་ཐོན་ལས་ཚད་ཡོད་ཀུང་ཟི། ཕེན་ཨན་རྟ་ཟམ.རྨ་ཙོང་དམངས་སྲོལ་རིག་གནས་ཉམས་ལེན་བྱེད་གནས་བཅས་ལ་སོང་ནས། ལས་གཞི་འཛུགས་སྐྲུན་དང་ཁེ་ལས་ཀྱི་ཐོན་སྐྱེད། ཞིང་ལས་རིག་གནས་ཡུལ་སྐོར་མཉམ་བསྲེས། འཛད་སྤྱོད་འཕར་བར་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་རྒྱུས་ལོན་བྱས་ནས་བསྟན་དོན། ཚོང་རའི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་བ། འཛད་སྤྱོད་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། འཛད་སྤྱོད་སྦས་ཤུགས་ཆེར་བསྐྱེད་པ་སོགས་ཕྱོགས་ནས་ཤུགས་འདོན་པ་དང་ཐབས་བཀོལ་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་སྒུལ་ནུས་གསར་བ་སྣོན་དགོས།
ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་འཆར་འགོད་གྲོས་གཞི་ལ་ཉན་རྗེས་ནན་གྱིས་བསྟན་དོན། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་དང་མཚོ་ཤར་གྱི་གྲོང་ཁྱེར་ཁྱུ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱེད་པ་དང་། གྲོང་ཁྱེར་གྱི་རྩོལ་ནུས་འཐུས་ཚང་དུ་གཏོང་བ་དང་གྲོང་ཁྱེར་གྱི་བར་སྟོང་ལེགས་སྒྱུར་བྱེད་པ། གྲོང་ཁྱེར་གྱི་རྒྱུ་སྤུས་མཐོར་འདེགས་བཏང་སྟེ། རིགས་གསར་བའི་གྲོང་གསེབ་ཅན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།
བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གྱིས་མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་ཉན་རྗེས་མཚོ་ཤར་གྱི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་ཤར་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་འདོན་ཐུབ་པ་དང་། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྟེང་འགན་གཙོ་བོ་ཁུར་ནས། ཞིང་ལས་དར་རྒྱས་གོང་འཕེལ་གཏོང་བ་དང་བཟོ་ལས་གཞི་གྲངས་ཅན་དུ་ཚུལ་སྒྱུར་བྱེད་པ་དང་། ཞབས་ཞུ་ལས་རིགས་ཀྱི་གྲུབ་ཚུལ་ལེགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ནས། རྩིས་གློག་ཐོན་ལས་ཀྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་བའི་འགྲན་ལམ་གསར་བ་གསར་འབྱེད་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་བཟང་བོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པའི་སྟེང་འགན་གཙོ་བོ་ཁུར་ནས། ཙོང་ཆུར་སྲུང་སྐྱོབ་བྱེད་རྒྱུ་གཙོ་གནད་དུ་བྱེད་པ་དང་། བཅོས་སྐྱོང་དང་གྲངས་འཕྲི། དོ་སྲུང་བཅས་ཟུང་འབྲེལ་བྱེད་པ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་ཉམས་གསོ་བྱེད་པའི་བཟོ་སྐྲུན་ཆེན་པོ་མྱུར་དུ་ལག་བསྟར་བྱེད་པ། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མའི་སྲུང་སྐྱོབ་བྱ་བ་རྒྱུན་མཐུད་ངང་བཟང་བོར་སྒྲུབ་སྟེ། མཚོ་སྔོན་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་རའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ཁུར་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟེང་འགན་གཙོ་བོ་ཁུར་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་ཐིག་ཏུ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁར་འགོག་ཟོན་དང་ཐག་གཅོད་བྱེད་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ནས། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་དྲིན་བསམ་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས། རིགས་གསར་བའི་གྲོང་གསེབ་ཅན་འཛུགས་སྐྲུན་བྱེད་པའི་སྟེང་འགན་གཙོ་བོ་ཁུར་ནས། ཐོན་ལས་དང་གྲོང་ཁྱེར། མིའི་བར་གྱི་འབྲེལ་བར་གཅིག་འདོམས་བཟང་བོ་བྱེད་པ་དང་། རྫོང་ཁོངས་དཔལ་འབྱོར་རྒྱུན་མཐུད་ངང་གོང་འཕེལ་གཏོང་བ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་གཞི་རྩའི་སྤྱི་ཐུན་ཞབས་ཞུའི་དོ་མཉམ་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། རིགས་གསར་བའི་གྲོང་ཁྱེར་ཅན་འཛུགས་སྐྲུན་གྱི་མཚོ་ཤར་གྱི་དཔེ་གཞི་འཚོལ་ཞིབ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ། སྤྱོད་ཚུལ་འཛུགས་སྐྲུན་མཐོར་འདེགས་ལོའི་བཀོད་སྒྲིག་ལག་བསྟར་བྱེད་པ། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས།
ལའོ་ཏུང་ཁྲོན་གྱིས་བསྟན་དོན། མཚོ་ཤར་གྱི་འཕེལ་རྒྱས་ཧ་ཅང་གལ་ཆེ་བ་དང་རྣམ་པ་ཧ་ཅང་བཟང་ལ། མ་འོངས་བར་རེ་བས་ཁེངས་ཡོད། གྲོང་ཁྱེར་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་ལེགས་བརྩོན་བྱེད་པ། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ཁྲོད་འདྲེས་པར་བྱེད་པ། མིག་སྔའི་དུས་རིམ་རང་བཞིན་གྱི་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་དམ་དུ་དམིགས་པ། མཚོ་སྔོན་ཤར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་སྔར་ལས་ཇེ་བརྟན་དུ་གཏོང་བ། ས་བབ་དང་བསྟུན་ནས་ལས་དར་རྫོང་དར་དང་དམངས་ཕྱུག་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞི་རྩའི་སྤྱི་ཐུན་ཞབས་ཞུའི་དོ་མཉམ་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ཚོགས་གཞི་གཅིག་ཅན་དུ་འཕེལ་རྒྱས་སུ་གཏོང་བ། སྒུལ་ནུས་གསར་བ་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པ་དང་གོང་འཕེལ་དུ་གཏོང་བ། ཐུན་མོང་གི་འབྱོར་ཕྱུག་མངོན་འགྱུར་བྱེད་པ་བཅས་ཀྱི་སྟེང་ཁག་ཁུར་བྱེད་ཕོད་པ་དང་འདེགས་སྐྱོར་ཇེ་ཆེར་བཏང་སྟེ། དེང་རབས་ཅན་གྱི་མཚོ་ཤར་གསར་བ་འཛུགས་སྐྲུན་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་འཇོག་དགོས།
ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཅིན་ཀང་དང་ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན་བཅས་རྟོག་ཞིབ་ལ་ཞུགས།