ཚེས19ཉིན་གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2025ལོའི་ལོ་འཁོར་གྱི་ཀྲུང་དབྱང་གི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་དང་སྐོར་ཞིབ་དུས་ཚིགས་དང་པོའི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་མངོན་བཤེར་ལྐོག་འདྲི་བྱ་བ་ཉིན་ཤས་སྔོན་དངོས་སུ་མགོ་བརྩམས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཁོངས་མིའི་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་སྣེ་ཁྲིད་པའི་ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་སྐོར་ཞིབ་ཚན་ཆུང22ཞིང་ཆེན31དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་སུ་གཅིག་རྗེས་གཉིས་མཐུད་དུ་བཅའ་སྡོད་བྱས།
ཐེངས་འདིའི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་བཤེར་ལྐོག་འདྲི་དེ་ཟླ3པའི་ཟླ་དཀྱིལ་ནས་མགོ་བརྩམས་ཏེ། ཟླ3པའི་ཟླ་མཇུག་ཏུ་མཇུག་བསྒྲིལ་རྒྱུ་རེད། ས་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཁག་ཁག་གིས་གཅིག་གྱུར་འཆར་འགོད་འཕེལ་རྒྱས་དང་བདེ་འཇགས་འགན་འཁྲི་དོན་འཁྱོལ་གནས་ཚུལ། སྔོན་གྱི་གནད་དོན་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་གི་གནས་ཚུལ། རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་གྱི་བྱ་སྤྱོད་སོགས་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་སོགས་ལ་དམིགས་ཏེ། མངོན་བཤེར་ལྐོག་འདྲི་དང་ཆེད་མཁས་པའི་མཛུབ་ཁྲིད་རོགས་སྐྱོར། མང་ཚོགས་ཀྱི་ཐེར་འདོན་དང་ཁུངས་སྣེ་ཞིབ་དཔྱད་ཞིབ་བཅོས། དོན་རྐྱེན་གལ་ཆེན་གྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་། གནད་དོན་གྱི་མངོན་མེད་རྐྱེན་ངན་དམར་འདོན་སོགས་ཀྱི་ལས་དོན་གཏིང་ཟབ་ཏུ་སྤེལ་ཏེ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་མུ་མཐུད་དུ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཚབས་ཆེན་ཐོན་པར་མཐའ་གཅིག་ཏུ་སྔོན་འགོག་བྱེད་རྒྱུ་རེད།
བཅའ་སྡོད་བྱེད་པའི་རིང་ལ་དཔྱད་ཞིབ་སྐོར་ཞིབ་ཚན་ཆུང་སོ་སོས་ཐེར་འདོན་ཁ་པར་དང་གློག་རྡུལ་ཡིག་སྒམ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། མང་ཚོགས་ཀྱི་ཐེར་འདོན་བསྡུ་ལེན་བྱས་ཏེ་མང་ཚོགས་ཀྱི་ཉེ་འགྲམ་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནད་དོན་གལ་ཆེན་གྱི་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་ཐག་གཅོད་བྱ་རྒྱུ་དང་། དཔེ་མཚོན་གྱི་གནད་དོན་གལ་ཆེན་ལ་རིམ་པ་སྤར་ནས་ལྟ་སྐུལ་བྱས་ཏེ་མངའ་ཁོངས་སུ་ལྡོག་བཤེར་གྱི་འགན་འཁྲི་སྤྲོད་རྒྱུ་རེད།