ཉེ་ལམ། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི“ཚོགས་ཆེན་གཉིས”ནས་ཤེས་རྟོགས་བྱུང་བ་ལྟར་ན། 2025ལོར་དམངས་འཚོའི་ལས་གཞི་ལས་དོན་ཉེར་བཞི་ལག་བསྟར་བྱ་རྒྱུ་ཡིན་པ་དང་། དེའི་ཁྲོད་དུ་སློབ་གསོ་དོ་མཉམ་དང་གྲོང་གསེབ་དར་རྒྱས། བདེ་ཐང་གཅན་ཚ།“རྒན་པ་དང་ལོ་ཆུང་” ལས་ཞུགས་གཏན་འཇགས། དབུལ་སྐྱོར་རམ་འདེགས། དམངས་ཕན་ལུས་རྩལ། འགྲིམ་འགྲུལ་བདེ་འཇགས། དམངས་བདེ་ཞབས་ཞུ་བཅས་རིགས་དགུ་ལྷག་ལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་བཏང་ཡོད་པ་རེད།
སློབ་གསོའི་ཁྱབ་ཁོངས་སུ་ནང་ཁོག་ཡུལ་ཚོའི་དཀྱིལ་སྙིང་བུ་བཅོལ་ཁང་གི་ཁོང་གཏོགས་སྒྲིག་ཆས་འཛུགས་སྐྲུན་དང་། གཅན་ཚ་ཐང་ཡུལ་ཚོ་ས་དགའ་ཉག་ཁ་སློབ་ཆུང་གི་དྲོད་འདོན་དང་ཆུ་ཕྱིར་འབུད་མཐོར་འདེགས་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་ནས། སློབ་ཁྲིད་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་ཐད་མཛེས་པའི་འཆམ་མཐུན་གྲོང་གསེབ3འཛུགས་སྐྲུན་བྱེད་པ། ཁང་དབྱང་གྲོང་རྡལ་སྐར་མ་ཐང་སྡེ་བའི་སྤྱི་ལེ6.9ཡི་ཞིང་སའི་ཡུར་ཆུ་འདྲེན་པར་སྐུལ་འདེད་དང་སྣང་ར་ཡུལ་ཚོ་སྦྲུལ་ལྕེ་སྡེ་བའི་ཆུ་ལོག་འགོག་པའི་ཆུ་རགས་སྤྱི་ལེ1.3འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་དང་གྲོང་མིའི་བདེ་འཇགས་འགན་ལེན། རྨང་གཞིའི་སྒྲིག་ཆས་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས་མར་ཁུ་ཐང་གྲོང་རྡལ་འབར་རྩ་སྡེ་བ་དང་ནང་ཁོག་ཡུལ་ཚོའི་ཆུ་འདོན་སྦུག་ལམ་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ། ཞིང་བའི་ཁྱིམ་ཚང་གི་གསང་སྤྱོད218སྒྱུར་བཀོད་དང་གསར་དུ་བསྐྲུན་པ། མར་ཁུ་ཐང་གྲོང་རྡལ་ཉ་མོ་སྡེ་བའི་ཆུ་ལོག་ཕྱིར་འབུད་སྒྲིག་ཆས་འཛུགས་སྐྲུན་ལག་བསྟར་བྱེད་པ་དང་མར་ཁུ་ཐང་གྲོང་རྡལ་གྱི་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱེད་ཐུབ་པ། སྟེང་སོ་ཡུལ་ཚོ་ནས་གཅན་ཚ་ཐང་ཡུལ་ཚོ་སོགས་ཀྱི་གཞུང་ལམ་འཛུགས་སྐྲུན། རྫོང་མཁར་གྱི་མི་དམངས་བྱང་ལམ་གྱི་རླངས་འཁོར་ཤར་གཏོང་ལེགས་འགྲུབ་བྱ་རྒྱུ་བཅས་རེད།
སྨན་བཅོས་བདེ་ཐང་གི་ཐད་དུ་འཕེལ་རྒྱས་གསར་པ་བྱུང་ཡོད་དེ། སྟོན་དུས་ཀྱི་སློབ་ཞུགས་སློབ་མ་གསར་པ་དང་དགེ་སློབ་ཡོངས་ལ་འདུས་འདྲིལ་ནད་ཀྱི་བརྟག་དཔྱད་བྱས་ཏེ་ཐུམ་འབུ་ནད་ཕོག་པའི་ནད་པར་སྨན་བཅོས་བྱེད་པ་དང་། བུད་མེད་ཀྱི“འབྲས་སྐྲན་གཉིས”བརྟག་དཔྱད་དང་རྒན་རྒོན་ལ་རིན་མེད་ཀྱིས་གཟུགས་པོར་བརྟག་དཔྱད་བྱེད་པ། བོད་སྨན་ཁང་གི་སྨན་རྫས་ཐོག་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “རྒན་པ་དང་ལོ་ཆུང”ལ་དམིགས་ནས་གྲོང་གསེབ་བདེ་སྐྱིད་རོགས་རེས་ཁང3འཛུགས་བསྐྲུན་པ་དང་། ཁྱིམ་ཚང50ཡི་ཁང་པ་རྙིང་འགྱུར་བསྒྱུར་བཀོད་ལེགས་གྲུབ་བྱས་ཏེ་བྱིས་པའི་སོ་རུལ་སྔོན་འགོག་གི་རྣམ་གྲངས་སྤེལ་བ། དམངས་ཕན་ཞབས་ཞུའི་རིམ་སྤོར་དང་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི60ཐག་གཅོད་པར་རྒྱབ་སྐྱོར་བྱེད་པ། སློབ་གྲྭ8གྱི་མེ་གསོད་སྒྲིག་ཆས་བསྒྱུར་བཀོད་བྱེད་པ་སོགས་འདུས། མི་ཐེངས1500ཡི་ལས་རིགས་ལག་རྩལ་གསོ་སྦྱོང་ལེགས་གྲུབ་དང་མདའ་འཕེན་གདན་ཞུའི་འགྲན་བསྡུར་སྤེལ་བ། ཟློས་གར་གྲོང་གསེབ་ཏུ་བསྐྱོད་ནས་འཁྲབ་སྟོན་བྱས་ཏེ་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།