ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འཛད་སྤྱོད་ཆེད་སྐྱེད་ཀྱི་ཆེད་དོན་འགུལ་སྐྱོད་ཇུས་གཞི》དཔར་འགྲེམ་བྱས། འགུལ་སྐྱོད་ཇུས་གཞིའི་ནང་ཕྱོགས8ཀྱི་གཙོ་གནད་ལས་འགན30བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་ཤང་གྲོང་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དང་། འཛད་སྤྱོད་ནུས་པ་འགན་སྲུང་རྒྱབ་སྐྱོར་འགུལ་སྐྱོད། ཞབས་ཞུའི་འཛད་སྤྱོད་སྤུས་ཚད་མཐོ་རུ་གཏོང་བའི་དམངས་ཕན་འགུལ་སྐྱོད། འབོར་ཆེན་འཛད་སྤྱོད་གསར་སྒྱུར་རིམ་སྤོར་འགུལ་སྐྱོད། འཛད་སྤྱོད་སྤུས་ཚད་མཐོ་འདེགས་འགུལ་སྐྱོད། འཛད་སྤྱོད་ཁོར་ཡུག་ལེགས་བཅོས་འགུལ་སྐྱོད། ཚོད་འཛིན་བྱེད་ཐབས་གཙང་སེལ་དང་ལེགས་བཅོས་འགུལ་སྐྱོད། རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་བཅས་ཚུད་ཡོད།
འགུལ་སྐྱོད་ཇུས་གཞི་ཁ་གསལ་བཟོས་ནས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་བ་དང་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཀྱི་ཐབས་ལམ་རྒྱ་ཆེར་བཏང་། “རྒན་པ་གཅིག་དང་ལོ་ཆུང་གཅིག”གི་ཞབས་ཞུའི་མཁོ་སྤྲོད་ཇེ་ལེགས་དང་། རིག་རྩལ་ཡུལ་སྐོར་འཛད་སྤྱོད་རྒྱ་ཆེར་གཏོང་བ། གངས་འཁྱགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། རྒྱལ་མཚམས་སུ་འཛུལ་བའི་འཛད་སྤྱོད་འཕེལ་རྒྱས་གཏོང་དགོས། འཛད་སྤྱོད་དངོས་རྫས་རྙིང་པ་གསར་དུ་བརྗེ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྡོད་ཁང་འཛད་སྤྱོད་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་བ་དང་རླངས་འཁོར་འཛད་སྤྱོད་ཀྱི་འབྲེལ་ཐག་སྣུར་སྲིང་བྱེད་དགོས།
ལ་གསོ་དང་གུང་གསེང་གི་ཁེ་དབང་འགན་སྲུང་བྱེད་པའི་ཐད་འགུལ་སྐྱོད་ཇུས་གཞི་ཁ་གསལ་བཟོས་ནས། གླ་ཕོགས་ཡོདཔའི་ལོ་རེའི་གུང་གསེང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཡོད། གླ་ཕོགས་ཡོད་པའི་ལོ་རེའི་གུང་གསེང་དང་གུང་གསེང་ཐུང་བ་བསྟུད་མར་ངལ་གསོ་བྱ་རྒྱུར་སྐུལ་མ་བཏང་ནས། མཉེན་ཤུགས་ལྡན་ཞིང་མི་མང་གཡོལ་བའི་གུང་གསེང་མངོན་འགྱུར་བྱེད་དགོས། ངལ་རྩོལ་པའི་ངལ་གསོ་དང་གུང་གསེང་གི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་པ་ལས། ཁྲིམས་འགལ་གྱིས་ངལ་རྩོལ་པའི་ལས་ཀའི་དུས་ཚོད་ཇེ་རིང་དུ་བཏང་མི་ཆོག ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། སློབ་གྲྭ་འབྲིང་ཆུང་གི་དཔྱིད་སྟོན་གྱི་གུང་གསེང་འཚོལ་ཞིབ་བཀོད་སྒྲིག་བྱེད་པར་སྐུལ་མ་གཏོང་དགོས།
ཕྲུ་གུ་གསོ་སྐྱོང་ཁ་གསབ་ལམ་ལུགས་ཞིབ་འཇུག་དང་གསར་འཛུགས་བྱེད་པ་དང་། སློབ་ལོ་རན་པའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དུ་ཡོང་བའི་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་རྒྱ་བསྐྱེད་གཏོང་བ་དང་། ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་གྲོན་དངུལ་འོས་འཚམ་གྱིས་མཐོ་རུ་གཏོང་དགོས་པ་སོགས། འགུལ་སྐྱོད་ཇུས་གཞིས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་སྨན་བཅོས་སློབ་གསོ་དང་རྒན་གསོའི་གསོ་སྐྱོང་སོགས་ཀྱི་གནད་དོན་ལ་དམིགས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་སེམས་ཁྲལ་ཇེ་ཆུང་དུ་གཏོང་དགོས།