མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པར་མགོ་འཛིན་བྱས།

  2025-03-15 20:18:16 

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པར་མགོ་འཛིན་བྱས།

ཟླ3པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པར་མགོ་འཛིན་བྱས་ནས་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2025ལོའི་གཙོ་གནད་ལས་དོན་དོན་འཁྱོལ་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས།

ལི་ཆང་གིས་བསྟན་དོན། སྐབས་འདིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགན་འཁྲི་ལག་བསྟར་བྱེད་སྐབས། “ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ལག་བསྟར་པ་དང་། འགུལ་སྐྱོད་པ། ལག་ལེན་པ་བཅས་ཡག་པོ་བྱ་དགོས”ཞེས་ཁ་གསལ་བཏོན་ཡོད། ལོ་གཉིས་རིང་གི་ལག་ལེན་ལས་ང་ཚོར་གཏན་གནས་དེ་ནི་སྐབས་འདིའི་སྲིད་གཞུང་གི་གཞི་རྩ་ཡིན་ལ། སྐབས་འདིའི་སྲིད་གཞུང་གི་ཆེས་མངོན་གསལ་གྱི་མཚོན་རྟགས་ཤིག་ཀྱང་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ། ང་ཚོའི་མདུན་དུ་ལྷགས་པའི་གནས་བབ་སྔར་ལས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བ་དང་། འཁུར་བའི་ལས་འགན་སྔར་ལས་དཀའ་ཚེགས་ཆེ་བས། འགན་འཁྲི་དང་ལས་འགན་སྔར་ལས་ལེགས་པར་བསྒྲུབ་དགོས་ན། ངེས་པར་སྔར་ལས་བློ་བརྟན་འགྱུར་མེད་དང་སྔར་ལས་རང་རྟོགས་ལྡན་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ངར་ཤུགས་ཆེ་བའི་ལག་བསྟར་པ་དང་། དཀའ་ངལ་ཁྱད་བསད་བྱེད་པའི་འགུལ་སྐྱོད་པ། སྒྲུབ་མཁས་ལེགས་འགྲུབ་བྱེད་པའི་ལག་ལེན་པ་བཅས་བྱ་དགོས།

ལི་ཆང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྲིད་འཛིན་བྱེད་ཕྱོགས་ཆེན་པོ་ལྟར། 《སྲིད་གཞུང་བྱ་བའི་སྙན་ཞུའི》ནང་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་བཀོད་སྒྲིག་ཞིབ་ཕྲ་གནང་ཡོད། ད་ལྟ་དམིགས་འབེན་དང་ལས་འགན་ཁ་གསལ་བཟོས་ཡོད་པས། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། ལྷག་པར་དུ་བྱ་བའི་འགག་རྩ་ཡང་དག་པ་བཙལ་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་སྣེ་ཁྲིད་རང་བཞིན་དང་སྐུལ་ཁྲིད་རང་བཞིན་ཆེ་བའི་གཙོ་གནད་དོན་དག་ཁག་གཅིག་དམ་འཛིན་བྱས་ཏེ། དེས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལ་སྐུལ་ཁྲིད་དང་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། གཅིག་ནི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱེད་པ་དང་། གཉིས་ནི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། གསུམ་ནི“མིས་ཐབས་རིག་ནུས+”འགུལ་སྐྱོད་ལག་བསྟར་བྱེད་པ། བཞི་ནི“བཟོ་སྐྲུན་ལས་རིགས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ལྔ་ནི“མི་གཞི་རྩར་འཛིན་པའི་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏོང་བ། དྲུག་ནི“རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བདུན་ནི“ལས་ཆོད་ཆེ་བའི་བྱ་བ་གཅིག་སྒྲུབ་པ”དམ་འཛིན་ཡག་པོ་བྱ་དགོས། དུས་མཚུངས་སུ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་ཕྱོགས་དང་ཕྱི་རྒྱལ་གྱི་མ་དངུལ་བརྟན་ལྷིང་ཡོང་བར་བྱས་ཏེ་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་འཇལ་དགོས།

ལི་ཆང་གིས་བསྟན་དོན། ད་ལོའི་གནས་བབ་དང་ལས་འགན་གྱི་ཁྱད་ཆོས་ལ་དམིགས་ནས། སྲིད་ཇུས་ཀྱི་ཤུགས་ཚད་ཆེ་རུ་གཏོང་བ་དང་ཁྲོམ་རའི་སྟོབས་ཤུགས་བརྗེ་རེས་བཟང་པོ་དང་མཐུན་སྦྱོར་ངང་ནུས་ཤུགས་འདོན་རྒྱུར་སྐུལ་འདེད་གཏོང་བར་སྔར་ལས་མཐོང་ཆེན་བྱ་དགོས། སྔར་ལས་དགེ་མཚན་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་བསྟར་ཡག་པོ་བྱས་ཏེ་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱ་དགོས། བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་སྐྱོང་ཁོར་ཡུག་དང་ཡིད་རྟོན་ཁོར་ཡུག་འཐུས་ཚང་དུ་གཏོང་བ། ཚོང་གཉེར་རིགས་སྣ་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱ་དགོས། ཚད་མཐའ་སྲུང་འཛིན་བྱས་ནས་མཐོ་མཚམས་བརྩོན་ལེན་ཧུར་ཐག་བྱ་དགོས། བདེ་འཇགས་བརྟན་ལྷིང་སོགས་ཀྱི་ཚད་མཐའ་བརྟན་པོར་སྲུང་འཛིན་བྱེད་པའི་དུས་མཚུངས་སུ། སྔར་ལས་མཐོ་བའི་དམིགས་འབེན་དོན་གཉེར་དང་བྱ་བའི་ཚད་གཞིར་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་སྟོབས་ཆེར་གཏོང་བ། ལྗང་མདོག་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ཕན་འབྲས་སྔར་ལས་ཆེ་བ་ཐོབ་པ་དང་། ཚད་བརྒལ་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་པོ་གཏོད་དགོས།
རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཚོང་དོན་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ཚོགས་འདུའི་སྟེང་གཏམ་བཤད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཁོངས་མི་ཚོགས་འདུར་ཞུགས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་བྱས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།