《རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ལག་བསྟར་བྱས་ནས་ལོ20འཁོར་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས་པ་དང་། ཀྲའོ་ལི་ཅི་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཟླ3པའི་ཚེས14ཉིན། 《རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ལག་བསྟར་བྱས་ནས་ལོ20འཁོར་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐའེ་ཝན་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པ།《རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། “ཐའེ་ཝན་རང་བཙན”ཁ་བྲལ་ལ་ལ་རྡུང་རྡེག་མཐའ་གཅིག་ཏུ་བྱེད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་བཀག་འགོག་བྱས་ཏེ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏང་དགོས།
ཀྲའོ་ལི་ཅི་ཡིས་བསྟན་དོན། ལོ20ཡི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་འོག ང་ཚོས《རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འགྲམ་གཉིས་ཀྱི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་དམ་འཛིན་བརྟན་པོ་བྱས་པ་དང་། “ཁྲིམས་ལ་བརྟེན་ནས་རང་བཙན་ལ་ཆད་པ་གཅོད་པའི”ལམ་ལུགས་མ་ལག་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ཁ་བྲལ་ལ་ངོ་རྒོལ་དང་ཐེ་གཏོགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གལ་ཆེན་མཐའ་གཅིག་ཏུ་སྤེལ་བ་དང་། ཐའེ་ཝན་སྤུན་ཟླའི་བདེ་སྐྱིད་ཆེ་རུ་གཏོང་བའི་ལམ་ལུགས་དང་སྲིད་ཇུས་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། ཀྲུང་གོ་གཅིག་གི་རྩ་དོན་སྲུང་སྐྱོང་ནུས་ལྡན་དང་། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཕན་འབྲས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ནས་མེས་རྒྱལ་གཅིག་གྱུར་མངོན་འགྱུར་བྱ་རྒྱུ་ནི་གནས་བབ་ཆེན་པོའི་ཁ་ཕྱོགས་དང་། བདེན་དོན་ཆེན་པོའི་གནས་ཚུལ། དམངས་སེམས་ཀྱི་ཁ་ཕྱོགས་བཅས་ཡིན་ལ། ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ཞིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡང་ཡིན་པས། ཡིད་ཆེས་དང་ཆོད་སེམས་བརྟན་པོས་མེས་རྒྱལ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་ཏན་ཏིག་གཏང་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་ལ་སྲུང་སྐྱོང་བྱ་དགོས། འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ལ་ཡུན་རིང་བདེ་སྐྱིད་བསྐྲུན་དགོས། ཀྲུང་ཧྭའི་རིག་གནས་བློ་བརྟན་འགྱུར་མེད་ཀྱིས་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྲུན་དགོས།
ལིས་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་།