མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྨ་ལྷོའི་ནགས་ཚལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེ་ཁམས་གསོ་སྐྱོང་བྱས།

  2025-03-12 16:19:57 

ཟླ1པོའི་ཚེས12ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་དེའི་གོང་སྡེ་བའི་སྡེ་མི་ཆོས་སྒྲོན་གྱིས་བཤད་རྒྱུར། “ངའི་ཁྱིམ་ནི་ཁམས་རའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་འགྲམ་དུ་ཡོད་ལ། ཁོམ་ལོང་ཡོད་དུས་འཆམ་འཆམ་དུ་སོང་ནས་དྭངས་གཙང་གི་མཁའ་དབུགས་འབྱིན་རྔུབ་བྱས་ན་སེམས་རབ་ཏུ་སྤྲོ།”ཟེར། ཁམས་རའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་ས་བབ་བཟང་བས། དེའི་གོང་སྡེ་བ་རྒྱལ་ཁབ་རིམ་པའི་ནགས་ལྡན་གྲོང་གསེབ་ཀྱི་གྲས་སུ་ཚུད་ཡོད་ལ། དེ་ནི་རྨ་ལྷོ་ཁུལ་སྐྱེ་ཁམས་རིག་གནས་འཛུགས་སྐྲུན་གྱི་བསྡུས་གཟུགས་ཤིག་རེད། མིག་སྔར། རྨ་ལྷོ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་ནགས་ལྡན་གྲོང་གསེབ་ལྔ་དང་། ཞིང་ཆེན་རིམ་པའི་ནགས་ལྡན་གྲོང་རྡལ་ལྔ། ད་དུང་ཞིང་ཆེན་རིམ་པའི་ནགས་ལྡན་གྲོང་གསེབ་དྲུག་བཅས་འཛུགས་སྐྲུན་བྱས་ཡོད་པས། ས་གནས་དེའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་བཏང་བར་མ་ཟད། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་སྔར་ལས་མཐོ་རུ་ཕྱིན་ཡོད།

2024ལོར། རྨ་ལྷོ་ཁུལ་ནགས་ལས་ཅུའུ་དང་སྐྱེ་ཁམས་ཁོར་ཡུག་ཅུའུ་གཉིས་ཀྱིས་ཆེད་ལས་ཚོགས་པ་བཙུགས་ནས།གྲོང་གསེབ་དང་གྲོང་རྡལ་དུ་ཟབ་ཞུགས་བྱས་ནས་ཡུལ་དངོས་བརྟག་དཔྱད་བྱས་ཏེ། ས་ཁོངས་མི་འདྲ་བའི་རང་བྱུང་ཆ་རྐྱེན་དང་། ས་ཁམས་ཀྱི་རྣམ་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱད་ཆོས་བཅས་གཞིར་བཟུང་ནས། རང་གཤིས་ཅན་གྱི་ལྗང་བསྒྱུར་ཇུས་གཞི་བཟོས། དེ་དང་ཆབས་ཅིགསྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་ཤུགས་ཆེར་སྤེལ་ཏེ། གྲོང་གསེབ་ཀྱི་བགྲོད་ལམ་གྱི་གཞོགས་གཉིས་དང་། ཆུ་བོའི་འགྲམ་རྒྱུད། ཞིང་སའི་མཐའ་འཁོར། གྲོང་རྡལ་གྱི་སྤྱི་གླིང་། ཐང་ཆེན། སྡོད་ཁུལ་སོགས་ཀྱི་ས་ཁུལ་དུ་མཚོ་སྔོན་གསོམ་ཤིང་དང་སྤེན་དཀར་སོགས་ས་གནས་ལ་འཚམ་པའི་རང་ཡུལ་གྱི་སྐྱེ་དངོས་རིགས་རྒྱ་ཁྱབ་ཏུ་འདེབས་འཛུགས་བྱས་ནས། ནགས་ཚལ་ཁེབས་རྒྱ་ཆེ་རུ་བཏང་ཡོད།ནགས་ཚལ་ཐོན་ཁུངས་ཀྱི་སྲུང་སྐྱོབ་དང་ཉམས་གསོར་མཐོང་ཆེན་བྱེད་པ་དང་། ནགས་ཚལ་མེ་འགོག་དང་ནད་འབུའི་འགོག་བཅོས་བྱ་བར་ཤུགས་བསྣན་ཏེ།ནགས་ཚལ་གྱི་སྐྱེ་ཁམས་མ་ལག་བརྟན་པོ་དང་བདེ་ཐང་ཡོང་བར་འགན་ལེན་བྱས།

རྨ་ལྷོ་ཁུལ་གྱིས་ནགས་ལྡན་གྲོང་གསེབ་དང་གྲོང་གསེབ་དར་རྒྱས། གྲོང་རྡལ་འཕེལ་རྒྱས་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་དང་ལྗང་མདོག་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། ཞིང་པའི་སྤྲོ་སྐྱིད་གླིང་དང་དམངས་ཤག་སྡོད་ཁང་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་གཞི་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། ཁེ་ལས་ཀྱི་སྣེ་ཁྲིད་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་གསར་སྤེལ་བྱས་ཏེ། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཀྱི་གཉིས་ཕན་མངོན་འགྱུར་བྱུང་ཡོད།

རྩོམ་སྒྲིག་པ། སངས་བཀྲ།