རྩྭ་ཐང་དུ་ཕྱུགས་འཚོ་བར་བཀག་འགོག་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་གྲུབ་འབྲས་ལ་ཁག་ཐེག་བྱེད་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རེས་སྐོར་གསུམ་པའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། མིག་སྔའི་བར་དུ་ཁུལ་ཡོངས་ལ2025ལོའི་ཀྲུང་དབྱང་གི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རོགས་དངུལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བདུན་བཏང་ལ། མ་དངུལ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་། སྔོན་རྩིས་ལག་བསྟར་ཇེ་ལེགས་སུ་བཏང་ནས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་། རོང་འབྲོག་པའི་འཚོ་བ་ལེགས་སྒྱུར། རྩྭ་ཕྱུགས་ལས་རིགས་ཐོན་སྐྱེད་ཀྱི་རྣམ་པ་བསྒྱུར་བ་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་།
ཁ་གསབ་མ་དངུལ་དུས་ཐོག་ཏུ་གྲོང་ཁྱེར་དང་རྫོང་སོ་སོར་སྤྲོད་ཆེད། མཚོ་ནུབ་ཁུལ་གྱི་ནོར་སྲིད་ཀྱིས་ཞིང་འབྲོག་དང་ནགས་རྩྭ་སོགས་ཀྱི་སྡེ་ཁག་དང་མཉམ་དུ་ས་ཁུལ་ཁག་གི་སྲིད་ཇུས་དོན་འཁྱོལ་དང་རོང་འབྲོག་པའི་ཡོང་འབབ་སོགས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོར་བགོས་པའི་ཕྱུགས་འཚོ་བར་བཀག་འགོག་བྱེད་པའི་རྩྭ་ས་དང་རྩྭ་ཕྱུགས་དོ་མཉམ་གྱི་རྒྱ་ཁྱོན་དང་ཟུང་འབྲེལ་བྱས་ནས། ཁ་གསབ་མ་དངུལ་བགོ་འགྲེམ་གྱི་བསྡུར་ཚད་གཏན་འཁེལ་བྱས་ལ། མ་དངུལ་སྤྲོད་པའི་བྱ་བ་དུས་ཐོག་ཏུ་ཡོངས་འགྲུབ་བྱས་ཏེ། ཕྱུགས་འཚོ་བར་བཀག་འགོག་དང་རྩྭ་ཕྱུགས་དོ་མཉམ་ཡོང་བའི་ལས་འགན་དོན་འཁྱོལ་ནུས་ལྡན་བྱས་པ་དང་། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ལེགས་སྒྱུར་དང་རང་བྱུང་རྩྭ་ཐང་གི་ཐོན་སྐྱེད་ནུས་པ་སྔར་ལས་ཇེ་ཆེར་བཏང་།
“རིག་ནུས་དོ་དམ+དམངས་ཚོགས་ལྟ་སྐུལ”གྱི་ལངས་གཟུགས་འགོག་ཐིག་བསྐྲུན་པ་དང་། དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ“གཱ་གཅིག་ཀུན་འཐུས”མ་ལག་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་བས། མ་དངུལ་གཏོང་སྤྲོད་ཀྱི་གོ་རིམ་མངོན་འགྱུར་བྱས་ལ། མུ་མཐུད་དུ་ཆེད་དོན་ལེགས་བཅོས་བྱས་ཏེ། ནོར་སྲིད་དང་ཞིང་ཕྱུགས། ནགས་རྩྭ་སོགས་གཙོ་གཉེར་སྡེ་ཁག་གི་མཉམ་འགུལ་རྐྱེན་སྲོལ་ལ་ཤུགས་བསྣན་པ་དང་། ནུས་ཤུགས་ཡོད་རྒུས་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གཏོང་སྤྲོད་བྱས་ལ། རོང་འབྲོག་པའི་དོ་དམ་དང་ལྟ་སྐུལ་གྱི་ཧུར་བརྩོན་རང་བཞིན་སྐུལ་སློང་དང་འདོན་སྤེལ་བྱས་ཏེ། ཐོན་སྐྱེད་དང་འཚོ་བ་སྣོད་བཅུད་བཅས་ཕན་ཚུན་སྐུལ་འདེད་དང་མཉམ་རྒྱལ་ཡོང་བར་བྱས།
མཚོ་ནུབ་ཁུལ་གྱིས་ད་དུང2021ལོ་ནས2025བར་གྱི་སྐོར་གསུམ་པའི་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའི་མ་དངུལ་གྱི་ལས་འབྲས་ལ་གདེང་འཇོག་བྱེད་པའི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའི་མ་དངུལ་གྱི་ལས་འབྲས་དམིགས་འབེན་སྙན་ཞུ་དང་། ལྟ་སྐུལ་ཚོད་འཛིན་དང་རང་སྐྱོན་རང་བརྗོད་བཅས་ཚད་ལྡན་དུ་བཏང་སྟེ། རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའི་མ་དངུལ་དེ་བདེ་འཇགས་དང་ནུས་མཐོ་སྒོས་བེད་སྤྱོད་བྱེད་པ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས་ནས། རྩྭ་ཐང་གི་ཕྱུགས་ལས་ཐོན་སྐྱེད་རྣམ་པ་བསྒྱུར་བར་སྐུལ་འདེད་བཏང་བ་དང་། རོང་འབྲོག་ལས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།