ཉེ་བའི་ལོ་འདི་འགའི་རིང་། རང་ཞིང་གི་འཕྲོད་བསྟེན་བདེ་ཐང་བྱ་བར་ཡར་རྒྱས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་དམིགས་བསལ་གྱི་ཞིང་ཆེན་གནས་ཚུལ་དང་ནོར་སྲིད་ཀྱི་གནས་ཚུལ་སོགས་ཀྱི་དབང་གིས་དོ་སྣང་དང་ཐག་གཅོད་བྱེད་དགོས་པའི་གནད་དོན་ཁག་ཅིག་སྔར་བཞིན་གཡོལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད།
འཐུས་མི་མཱ་ཧྥུའུ་ཁྲང་གིས་བལྟས་ན། “བདེ་ཐང་གི་ཀྲུང་གོ”དང“བདེ་ཐང་གི་མཚོ་སྔོན”གྱི་འཐབ་ཇུས་སྔར་ལས་དོན་འཁྱོལ་ལེགས་པོ་བྱེད་པའི་ཆེད་དུ། དུས་རིམ་ཡོངས་དང་ཕྱོགས་ཡོངས་ནས་རང་ཞིང་གི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་པ་དང་མཉམ་དུ། རྒན་པ་དང་བྱིས་པའི་གནད་དོན་ལ་དེ་བས་ཀྱང་དོ་ཁུར་བྱེད་འོས། སྤྱི་ཕན་གསོ་བཅོལ་ཞབས་ཞུའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། གསོ་བཅོལ་ཞབས་ཞུའི་འདོན་སྤྲོད་ཇེ་མང་དུ་བཏང་ནས། གསོ་སྐྱོང་མ་རྩ་ཇེ་དམའ་རུ་གཏོང་དགོས། རེ་བ་ཡིན་ན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་སྲིད་ཇུས་བཏོན་ཏེ། མ་དངུལ་འབོར་ཆེན་བཏང་ནས་མི་བཀོལ་སྡེ་ཁག་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་བྱིས་པ་གསོ་བཅོལ་ཞབས་ཞུའི་ལས་ཁུངས་འཛུགས་པར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་ལ། ཉིན་གང་བོར་བཅོལ་བ་དང་ཉིན་ཕྱེད་ལ་བཅོལ་བ། གནས་སྐབས་ལ་བཅོལ་བ་སོགས་ཀྱི་རྣམ་པ་སྣ་ཚོགས་པའི་གསོ་བཅོལ་ཞབས་ཞུའི་དྲ་རྒྱ་གྲུབ་པ་དང་། དེ་དང་མཉམ་དུ་གསོ་བཅོལ་ཞབས་ཞུའི་རིམ་པ་དབྱེ་ནས་རིན་གོང་གཏན་འཁེལ་བྱེད་པའི་རྐྱེན་སྲོལ་བཙུགས་ནས། ཀུན་ཕན་གསོ་བཅོལ་དེ་གཞི་རྩའི་སྤྱི་པའི་ཞབས་ཞུའི་གསལ་ཐོའི་ནང་འཇོག་པ་དང་། བྱིས་པ་བཅོལ་ཚད་ཇེ་མང་དུ་བཏང་སྟེ། ཁྱིམ་ཚང་གི་ལྟ་སྐྱོང་འགན་ཁུར་ཇེ་ཡང་དུ་གཏོང་དགོས་པར་འདོད།
རྒན་པའི་བདེ་ཐང་ལ་དོ་ཁུར་དང་། རྒན་གསོའི་ཞབས་ཞུའི་ཆུ་ཚད་མཐོ་འདེགས་གཏོང་བའི་ཕྱོགས་ནས། མ་ཧྥུའུ་ཁྲང་གིས་བཤད་རྒྱུར། ཚོགས་སྤྱི་གཙོ་བོར་དམིགས་པ་དང་། དམའ་སྲུང་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་རྒན་གསོའི་ཞབས་ཞུར་ཤུགས་སྣོན་པ་དང་མཉམ་དུ། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་གྱི་ཞབས་ཞུའི་རྣམ་པར་བརྟེན་ནས། རྒན་པའི་བདེ་ཐང་ཞབས་ཞུ་རྒྱུན་མཐུད་ངང་སྤེལ་བ་དང་། རྒན་པའི་བདེ་ཐང་གི་ཚན་རིག་ཤེས་བྱ་རྒྱ་ཆེར་ཁྱབ་གདལ་གཏོང་བ། རྒན་པའི་བདེ་ཐང་ཞབས་ཞུའི་འགུལ་སྐྱོད་ལ་ཤུགས་སྣོན་པ་བཅས་བྱེད་དགོས། གཞིས་ཁྱིམ་དང་སྡེ་ཁུལ་གྱི་རྒན་གསོའི་མཐུན་སྦྱོར་བྱེད་པ་དང་། སྨན་བཅོས་དང་ཁམས་གསོ་ཟུང་འབྲེལ་བྱེད་པའི་རིམ་པ་མང་བའི་སྤྱི་ཕན་རྣམ་པའི་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་བཙུགས་ནས། འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རོགས་ཤུགས་འདོན་པའི་རེ་སྒུག་བྱས་ཡོད་ཟེར།