ཟླ3པའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་མུ་མཐུད་དུ་གྲོས་ཞིབ་བྱས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན་གྱིས་གྲོས་ཞིབ་བསམ་འཆར་ལ་ཉན། ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ལའོ་ཏུང་ཁྲོན་དང་ལིའུ་ཆི་ཧྥན་གཉིས་ཀྱིས་གཏམ་བཤད། ཝང་ལིས་མེན་དང་ཀྲང་ཅིན་ཀང་གྲོས་ཚོགས་ལ་ཞུགས།
འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་བྱས་ལ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཤིང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོར་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་དམ་པོར་དམིགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ལ་དམིགས་ནས་མགོ་རྩོམ་ས་དང་ཟུང་འབྲེལ་གནས་ཡང་དག་པར་བཙལ་ཞིང་། ལམ་ལུགས་གསར་གཏོད་དང་ཁེ་དབང་འགན་སྲུང་། ཉེན་ཁར་དོགས་ཟོན། ཞབས་ཞུ་འདོན་སྤྲོད་བཅས་ཀྱི་ཐད་ལ་གནད་འཁེལ་ཤུགས་འདོན་བྱས་པ་དང་། རྩ་བ་བརྟན་སྲུང་དང་སྔོན་དཔག་བརྟན་པོ། ཡུན་རིང་ཁེ་ཕན་ཡོང་བ་བཅས་བྱས། མང་ཚོགས་ཀྱི་བསམ་ཚུལ་དང་རེ་འདོད་ལ་དམིགས་ནས། མང་ཚོགས་ཀྱི་ལངས་ཕྱོགས་ནས་བསམ་གཞིགས་གཏོང་བ་དང་དམངས་དོན་གཙིགས་སུ་བཟུང་སྟེ་འགན་སྲུང་བྱེད་པའི་འདུ་ཤེས་ཀྱིས་དམངས་ཚིས་གྱོད་གཞི་ལེགས་པོར་བསྒྲུབས་ཤིང་། མི་དམངས་མང་ཚོགས་ཀྱིས་སྲིད་ཇུས་རེ་རེ་དང་གྱོད་དོན་རེ་རེའི་ཁྲོད་ཁྲིམས་སྐྱོང་གི་ཤུགས་ཚད་དང་དྲོད་ཚད་ཚོར་བར་བྱས། དངོས་གཉེར་ཁག་ཁུར་ལ་སྐུལ་སློང་ནན་མོ་བྱེད་པར་དམིགས་ནས། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོས་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། བློ་དཀར་སྤྱོད་གཙང་ཁག་ཁུར་ཅན་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་དཔུང་ཁག་ནུས་ལྡན་འཛུགས་སྐྲུན་བྱས། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཞི་གྲངས་ལ་བརྟེན་ནས་སྐད་ཆ་བཤད་པ་དང་གྱོད་གཞིར་བརྟེན་ནས་ཁྲིམས་ལ་འགྲེལ་བཤད་བྱས་པས། དམངས་ལ་བཅངས་པའི་ཐོག་མའི་སེམས་འདུན་མཚོན་ཡོད་ལ། འདྲ་མཉམ་དྲང་གཞག་མངོན་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་ཡོད་ལ་བསམ་བློའི་ཟབ་ཚད་ཡོད་པ། ཁྲིམས་སྐྱོང་གི་ཤུགས་ཚད་ཡོད་པ། དམངས་ཚིས་དྲོད་ཚད་ལྡན་པ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་ཡིན་པས། ཧ་ཅང་འཐད་པ་ཡིན། གོ་རིམ་རྗེས་མར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་མཛུབ་སྟོན་ནུས་ལྡན་འོག ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དང་ཞིབ་དཔྱོད་བྱ་བས་མི་རིགས་མཐུན་སྒྲིལ་དང་དམངས་ཚིས་ལེགས་སྒྱུར། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ཁྱོན་ཡོངས་ལ་སྔར་ལས་ཞབས་འདེགས་བཟང་པོ་ཞུ་བ་དང་། ཆུ་ཚད་མཐོ་བའི་ཁྲིམས་འཛིན་གྱིས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ཟེར།
འཐུས་མི་ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱས་པ་དང་། ཆབ་སྲིད་ཁྲིད་སྟོན་དང་ཐུགས་ཁུར། དངོས་འབེབས་ཟབ་མོ། ཁྲིམས་འགྲེལ་ལུགས་བཤད་བཅས་ལ་དོ་སྣང་བྱས་པས། རླབས་ཆེན་དར་ཆ་མཐོ་རུ་བསྒྲེངས་པ་དང་ཁྲིམས་སྐྱོང་དགོངས་དོན་ལག་བསྟར་བྱས་པ། ཁྲིམས་འཛིན་དམངས་ཀྱི་ཆེད་དུ་ཡིན་པ་རྒྱུན་འཁྱོངས། དུས་རབས་ཀྱི་བླང་བྱ་དང་བསྟུན་པ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་ཡིན་ཕྱིར། ཧ་ཅང་འཐད་པ་ཡིན། འདས་པའི་ལོ་ངོ་གཅིག་གི་རིང་ལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲིམས་སྐྱོང་གི་རྩ་བའི་རྨང་གཞི་སྲ་བརྟན་དུ་བཏང་། ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་དམ་པོར་དམིགས་ནས། སྤུས་ཚད་མཐོ་བའི་ཁྲིམས་འཛིན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་བཏོན། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་ལག་བསྟར་ཟབ་མོ་བྱས་པ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱི་མཛེས་སྡུག་འཚོ་བར་སྲུང་སྐྱོབ་བྱས། ཁྲིམས་འཛིན་བཅོས་སྒྱུར་ལག་ལེན་ཟབ་སྤེལ་བྱས་ཏེ། འདྲི་གཅོད་སྤུས་ནུས་དང་ཁྲིམས་འཛིན་གྱི་ཡིད་རྟོན་ཤུགས་ཚད་མཐོར་འདེགས་བཏང་བས། འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་གི་ཁག་ཁུར་མངོན་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྲུང་སྐྱོབ་བྱེད་པར་དམིགས་ནས། ཉེས་དོན་ཞིབ་དཔྱོད་ཀྱི་འགན་ནུས་ཇེ་ཆེར་བཏང་། ཁྲིམས་འཛིན་དམངས་ཀྱི་ཆེད་དུ་ཡིན་པའི་དགོངས་པ་ལག་བསྟར་བྱས་ཏེ། དམངས་ཚིས་ཁྲིམས་འཛིན་འགན་སྲུང་གི་ཆུ་ཚད་མཐོར་འདེགས་བཏང་། སྲིད་འཛིན་ཞིབ་དཔྱོད་ལྟ་ཞིབ་མ་ལག་འཐུས་ཚང་བཙུགས་ནས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་རམ་འདེགས་བྱས། སྤྱི་ཕན་གཏུག་བཤེར་ལམ་ལུགས་གསར་གཏོད་བྱས་པ་དང་། མཉམ་སྡེབ་བཅོས་སྐྱོང་གི་རྣམ་པ་བཙུགས་ཏེ། ཞིབ་དཔྱོད་སྤྱོད་ཚུལ་མངོན་པའི་དུས་རབས་ཀྱི་རྒྱུགས་ལན་ཞིག་སྤྲད། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ཁྲིམས་སྐྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་དགོས་ཟེར།
འཐུས་མི་ལིའུ་ཆི་ཧྥན་གྱིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དོན་འཁྱོལ་བྱས་ཤིང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་སྟེང་བསྐྱོད་པ་དང་། ཞིབ་ཕྲའི་གཞི་གྲངས་དང་གསོན་ཉམས་དོད་པའི་དཔེ་གཞི། དཔེ་མཚོན་གྱོད་གཞི་བཅས་ལ་བརྟེན་ནས་ཁྲིམས་སྐྱོང་དགོངས་པ་འགྲེལ་བཤད་བྱས་ལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཆབ་སྲིད་ཁྲིད་སྟོན་ལ་དོ་སྣང་བྱས་པ་དང་ལས་འགན་ཁག་ཁུར་ཇེ་དྲག་ཏུ་བཏང་བ། ནུས་ཤུགས་ཡོད་རྒུས་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པ་བཅས་གཅིག་སྡུད་སྒོས་མཚོན་ལ། དར་ཆ་མཐོར་སྒྲེང་དང་། དྲང་གཞག་ལ་སྲུང་སྐྱོང་། དམངས་ཚིས་ལ་འགན་སྲུང་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་ཡིན་ཕྱིར། ང་ཧ་ཅང་འཐད་པ་ཡིན། འདས་པའི་ལོ་ངོ་གཅིག་གི་རིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་བསྩལ་བའི་ལས་འགན་ལག་བསྟར་ནན་མོ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། དམངས་ཚིས་བདེ་སྐྱིད་ལ་འགན་སྲུང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ལ། ཁྲིམས་གཅོད་ལག་བསྟར་ནུས་པ་ཇེ་ཆེར་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཁྲིམས་འཛིན་གྱི་འགན་སྲུང་དྲག་པོ་འདོན་སྤྲོད་བྱས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་རང་འགུལ་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲོད་འདྲེས་པ་དང་ཞབས་འདེགས་ཞུས་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རོགས་ཤུགས་བཏོན་པ་དང་། སེམས་ཤུགས་ཡོད་ཚད་བཀོལ་ནས་ཚོར་ཐུབ་ལ་ཉམས་ལེན་ཐུབ་པ། དངོས་ཕན་ཐོབ་པ་བཅས་ཀྱི་ཞིབ་དཔྱོད་དམངས་ཀྱི་ཆེད་དུ་ཡིན་པའི་དོན་དངོས་སྐོར་ཞིག་ལེགས་པོར་བསྒྲུབས་ཡོད་ཟེར།
འཐུས་མི་ལིས་ཀའོ་དང་། མཱ་ཧྲི་གུང་། མཱ་ཧྥུའུ་ཁྲང་། ཝང་གོ་ཏུང་། ཡུན་ཧུང་ཝེ། ཤ་བོ་སྒྲོལ་མ། གོ་ཅིན་ཕིན་བཅས་ཀྱིས་གཏམ་བཤད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་རྣམས་གྲོས་ཞིབ་ལ་ཞུགས་ནས། འཐུས་མིའི་བསམ་འཆར་དང་གྲོས་གཞིར་ཉན།