མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།

  2025-03-11 10:27:44 

ཟླ3པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་མུ་མཐུད་དུ་གྲོས་ཞིབ་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་ཐག་གཅོད་འཆར་ཟིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས། ཝུའུ་ཞའོ་ཅུན་དང་། ཀྲང་ཅིན་ཀང་གིས་གཏམ་བཤད། ལའོ་ཏུན་ཁྲོན་དང་། ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས། ཝང་ལིས་མེན་གྱིས་མགོ་འཛིན་བྱས་ཏེ་གཏམ་བཤད། ཀྲང་ཙེ་ཅུན་དང་ཀྲ་ཆིན་ཅིའུ་གྲོས་ཚོགས་ལ་ཟུར་ཞུགས་བྱས་པར་མ་ཟད་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་འགྲེལ་ཀློག་བྱས།

འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལས། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཡོད་ལ། མཛུབ་སྟོན་རང་བཞིན་གྱི་ཤས་ཆེ་ཞིང་ཁ་གཏད་རང་བཞིན་དང་ལག་ལེན་དུ་བསྟར་རུང་བ་ཞིག་ཡིན་པར་མ་ཟད། ལམ་ལུགས་ཀྱི་དགེ་མཚན་མངོན་པར་གསལ་ལ་འགན་འཁྲི་ཁག་ཁུར་གསལ་སྟོན་དང་། དམངས་ཚིས་བདེ་སྐྱིད་བརྟན་པོར་གཏོང་བ། ཁྲིམས་སྐྱོང་དགོངས་པའི་དོན་སྙིང་ལྡན་པའི་སྙན་ཞུ་བཟང་པོ་ཞིག་ཡིན་པས། ཡོངས་སུ་འཐད་པ་ཡིན་ཞིང་མཐའ་གཅིག་ཏུ་བརྩི་བཀུར་བྱ་རྒྱུ་ཡིན། འདས་པའི་ལོ་གཅིག་གི་ནང་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱིས་གཅིག་འདོམས་བྱས་ཤིང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཁ་ཕྱོགས་ཁོང་དུ་དམ་པོར་ཆུད་པར་བྱས་ལ། རྩ་ཁྲིམས་ཀྱི་རྩ་དོན་དང་། རྩ་ཁྲིམས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཚན་རིག་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ལྟ་སྐུལ་ནུས་ལྡན་དང་ཁྲིམས་ལྟར་ལྟ་སྐུལ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྣམ་པ་གསར་འབྱེད་དང་གྲོས་གཞི་ཐོད་བརྒལ། ལེའུ་གསར་བ་བརྩམས་ནས་ལས་དོན་ཁག་སོ་སོར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནུས་ལྡན་གྱི་མཛུབ་སྟོན་འོག་ཏུ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དེ་དམངས་ཆེན་བྱ་བ་དུས་བསྟུན་ངང་གོང་དུ་སྤེལ་བ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་རང་རྟོགས་འགུལ་སྐྱོད་དུ་འགྱུར་བར་བྱས་ཏེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་ཤུགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་སྔར་ལས་གནད་འཁེལ་དང་ཕན་ནུས་མཐོ་བར་བྱེད་པ། མི་དམངས་བསམ་པའི་རྩ་དོན་ལག་བསྟར་བྱེད་པ་སྔར་ལས་ཏན་ཏིག་གཏིང་ཟབ་ཏུ་བཏང་ནས་ལས་དོན་ཁག་སོ་སོར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་བ་སྤོ་རྒྱུ་ཡིན།

འཐུས་མི་ཝང་ལིས་མེན་གྱིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ། མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དུ་འདྲ་མཉམ་དྲང་གཞག་ཚོར་ཐུབ་པར་འབད་པ་བྱེད་པའི་དམིགས་འབེན་བླང་བྱ་དང་དམ་པོར་སྦྲེལ་ཞིང་། སྤུས་ཚད་མཐོ་བའི་ཁྲིམས་སྐྱོར་ཞབས་ཞུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པ་ཇེ་བརྟན་དུ་བཏང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་ལས་འགན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་འགན་སྒྲུབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་འཛིན་གྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེའི་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་མི་དམངས་བསམ་པའི་བརྩེ་སེམས་དང་། སྤྱི་ཡོངས་ཀྱི་འདུ་ཤེས་མངོན་པར་བྱས་ཤིང་། ཁྲིམས་སྐྱོང་དགོངས་པ་དང་ཁྲིམས་འཛིན་ཁག་ཁུར་གསལ་སྟོན་བྱས་ཡོད། ང་ཚོས་དམངས་ཆེན་གྱི་འགན་ནུས་དང་འཐུས་མིའི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྲིམས་འཛིན་དམངས་ཀྱི་ཆེད་ཡིན་པའི་ཁྲིམས་སྐྱོང་བྱེད་ཐབས་དོན་འཁྱོལ་དངོས་འབེབས་དང་ཕན་འབྲས་ལོན་པར་སྐུལ་འདེད་གཏོང་དགོས།

འཐུས་མི་ཀྲང་ཅིན་ཀང་གིས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་ཁྱབ་པར་བྱས་ཡོད་ལ། བྱེ་བྲག་གི་གྱོད་དཔེ་དང་། གྱོད་སྒྲུབ་གཞི་གྲངས། མང་ཚོགས་ཀྱི་སྐད་ཆ་བཅས་བཀོལ་ཡོད་པས། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་དོན་གྱི་ཆེ་ཕྱོགས་བསམ་པ་དང་། ཁྲིམས་འཛིན་དམངས་ཀྱི་ཆེད་ཡིན་པ་རྒྱུན་འཁྱོངས་བྱེད་པའི་འགན་འཁྲི་ཁག་ཁུར་ཡོངས་སུ་མངོན་པར་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཞབས་འདེགས་ཞུ་བར་དམིགས་ཏེ། ཏང་གི་དཀྱིལ་སྙིང་ལས་དོན་མཚམས་གང་ཞིག་ཏུ་སྐུལ་འདེད་བཏང་ན། འདྲི་གཅོད་དང་ཞིབ་བཤེར་ལས་དོན་མཚམས་དེ་རུ་ཐོན་ཐུབ་པར་བྱས་ནས། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ངོ་བོའི་དོན་སྙིང་མངོན་གསལ་དུ་བཏང་ཡོད་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་དམ་པོར་དམིགས་ཏེ། ཁྲིམས་འཛིན་རྐྱེན་སྲོལ་བཅོས་སྒྱུར་ལ་མྱུར་དུ་སྐུལ་འདེད་བཏང་ཞིང་། ལས་བྱེད་པའི་དཔུང་སྡེའི་ཆབ་སྲིད་འཛུགས་སྐྲུན་དང་ལས་གཉེར་འཛུགས་སྐྲུན། ལས་རིགས་ཀུན་སྤྱོད་ཀྱི་འཛུགས་སྐྲུན་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད་པས་ཡོངས་སུ་འཐད་པ་ཡིན།

འཐུས་མི་ཝང་ཧྭ་ཅེ་དང་། ཆའོ་ཡ་ཆུན། པིས་ཧྲིན་ལུང་། རིན་ཆེན་བཀྲ་ཤིས་བཅས་ཀྱིས་གཏམ་བཤད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྲོས་ཞིབ་ལ་ཞུགས་ནས་བསམ་ཚུལ་དང་གྲོས་གཞི་བཏོན་པར་ཉན།

རྩོམ་སྒྲིག་པ། མདོ་སྡེ་རྒྱལ།