རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་ཚེས7ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས། སྲིད་གྲོས་ཨུ་ཡོན14ཡིས་གཏམ་བཤད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཀོ་ཀྲུང་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གདན་ཞུ་ལྟར་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་ལ་ཉན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་ཧྲིན་ཡུའེ་ཡུའེ། ཀྲིའུ་ཆང་། ཧི་ཧོའུ་ཧྭ། ལེང་ཀྲིན་དབྱིན། པ་ཐིར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲིན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥིན། ཅང་ཞིན་ཀྲི ཅང་ཙའོ་ཅུན། ཧི་པོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་མགོ་འཛིན་བྱས།
ཨུ་ཡོན་ཝང་ཀོ་ཧྲིན་གྱིས་བཤད་རྒྱུར། ངེས་པར་གཅིག་འདོམས་བྱེད་དགོས་པ་ལྔ་ཡིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་དཔལ་འབྱོར་བྱ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་ལག་ལེན་གསར་གཏོད་ཐད་ནས་གྲུབ་པའི་ཉམས་མྱོང་རྩ་ཆེན་གཅིག་བསྡུས་སྒོས་མངོན་པར་བྱས་ཡོད་པ་དང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། ཀྲུང་གུང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་གཅིག་འདོམས་བྱ་དགོས་པ་ལྔ་ལ་རྒྱུས་ལོན་ཟབ་མོ་དང་དེ་བཀོལ་སྤྱོད་བཟང་པོ་བྱས་ནས། དཔལ་འབྱོར་རྒྱུན་མཐུད་ངང་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏང་དགོས།
ཨུ་ཡོན་སུང་ཏུང་ཧྲིན་གྱིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས། མི་ཐབས་རིག་ནུས་དང་ཐོན་ལས་གཉིས་མཉམ་བསྲེས་ཟབ་མོ་བྱེད་པར་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་གཞི་འགོད་པ། མི་ཐབས་རིག་ནུས་འཕེལ་རྒྱས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཇོན་མི་སྐྱེད་སྲིང་མ་ལག་གསར་སྐྲུན་བྱེད་པ། མི་ཐབས་རིག་ནུས་དང་མཉམ་འབྲེལ་བྱས་པའི་ཐོན་ལས་སྐྱེད་ཁམས་ལེགས་བསྒྱུར་བྱེད་པ། ཚོང་རའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཕྱོགས་མང་མཉམ་རྒྱལ་གྱི་མི་ཐབས་རིག་ནུས་དང་མཉམ་འབྲེལ་བྱས་པའི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཐིན་ཅ་ཚའེ་ཡིས་གཏམ་བཤད་སྐབས། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གཙོ་བོ་ཡིན་པ་དང་། ཆེས་གནད་འགག་དང་ཆེས་བྲེལ་མྱུར་ཆེ་བ་ནི་ཚན་རིག་གསར་གཏོད་ཡིན་པས། འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱས་ནས། སྟེགས་བུ་དང་འཇོན་མི། དངུལ་རྩ་སོགས་གསར་གཏོད་ཐོན་ཁུངས་ཀྱི་སྡེབ་སྒྲིག་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ལུའུ་ཀོ་དབྱི་ཡིས་ཀྲི་ཀུང་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུ་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གེགས་མེད་ཡོང་བར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་པས། ཚོང་རའི་རྨང་གཞི་ལམ་ལུགས་དང་ཚོང་རའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་ཚོང་ར་ཅན་གྱི་སྡེབ་སྒྲིག་དང་འབྲེལ་བའི་ལམ་ལུགས་ཇེ་ཟབ་ཏུ་བཏང་ནས། བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ལིས་ཞའོ་ཕིན་གྱིས་གཏམ་བཤད་སྐབས་བཤད་རྒྱུར། འཛད་སྤྱོད་གོང་འཕེལ་གཏོང་རྒྱུ་ནི་དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ཇེ་བཟང་དུ་གཏོང་བ་དང་མི་དམངས་འཚོ་བའི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་བའི་དགོས་ངེས་ཀྱི་རེ་བ་ཡིན་པས། འཛད་སྤྱོད་གོང་འཕེལ་གཏོང་བའི་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་ཀྱི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་ནུས་ལྡན་ལམ་ལུགས་ཀྱི་བཀོད་སྒྲིག་རྒྱ་སྐྱེད་དེ། ནུས་ཤུགས་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་འཛད་སྤྱོད་གོང་འཕེལ་གཏོང་བའི་བྱ་བ་བཟང་པོར་བསྒྲུབ་དགོས།
ཨུ་ཡོན་ལིས་ཧྲུའུ་ཧྥུའུ་ཡིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་་ཚབ་བྱས་ནས་གཏམ་བཤད་སྐབས། གསར་རྙིང་སྒུལ་ནུས་བསྒྱུར་བའི་གོ་རིམ་ཁྲོད། དམངས་གཉེར་བཟོ་སྐྲུན་ཁེ་ལས་མྱུར་དུ་གཞི་གྲངས་ཅན་དང་ལྗང་མདོག་ཅན་དུ་ཚུལ་སྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ཀྱི་སྲིད་ཇུས་བྱེད་ཐབས་སྔར་ལས་ཇེ་ཞིབ་དང་སྲ་བརྟན་དུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་བཟོ་སྐྲུན་ལས་མཐོ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཝང་ཞའོ་ཏུང་གིས། རྫོང་ཁོངས་མཁར་གྲོང་གི་འཆར་འགོད་ཆུ་ཚད་མཐོ་བའི་ངང་མཉམ་བསྲེས་བྱེད་པ་དང་། མཁར་གྲོང་གི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་བརྗེ་རེས་བྱེད་པ། སྤྱི་ཐུན་ཐོན་ཁུངས་དོ་མཉམ་ངང་སྡེབ་སྒྲིག་བྱེད་པ། མཁར་གྲོང་གི་རྨང་གཞི་སྒྲིག་ཆས་གཞི་གཅིག་ཅན་དང་སྤྱི་ཐུན་ཞབས་ཕྱི་དོ་མཉམ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། རྫོང་མཁར་རྐང་འཛུགས་ས་གཙོ་བོ་རུ་བྱས་ཏེ། མཁར་གྲོང་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཀྲང་ཁྲུན་ཧྲིན་གྱིས་གཏམ་བཤད་སྐབས། རྒན་འབྲེལ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་ནི་མི་གྲངས་རྒན་འགྱུར་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་པས། རྒན་པར་ཞབས་འདེགས་ཞུ་བའི་ཐོན་རྫས་གསར་སྐྲུན་བྱེད་པ་དང་། རྒན་པའི་ལྟ་བ་བཟང་བོ་དར་སྤེལ་ཤུགས་ཆེན་གཏོང་བ། རྒན་པའི་འཛད་སྤྱོད་ཁོར་ཡུག་བཟང་པོ་བསྐྲུན་ནས། སྟོབས་ཤུགས་ཡོད་རྒུས་རྒན་པའི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་པ་དབྱིན་ཁི་ཞི་ཡིས་གཏམ་བཤད་སྐབས། ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བ་དེས་ཞིན་ཅང་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འདོན་སྤྲོད་བྱས་ཡོད་པས། ཞིན་ཅང་གི་ཁྱད་ལྡན་ཞིང་ལས་ཐོན་ལས་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། གློག་ཤུགས་ཕྱིར་སྐྱེལ་བགྲོད་ལམ་དང་མཐོ་གནོན་གློག་འདོན་བགྲོད་ལམ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཞིན་ཅང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དང་མི་རིགས་ས་ཁུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་གསོན་ཤུགས་གསར་བ་སྣོན་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཧི་ཀྲི་མེན་གྱིས་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དམངས་གཙོ་མནའ་མཐུན་དང་ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས། སློབ་གསོ་ལས་རིགས་བཅས་ཀྱི་ཨུ་ཡོན་འཚམས་འདྲི་གནང་སྐབས། སློབ་གསོ་ཡི་ཚན་རྩལ་དང་འཇོན་མིའི་ཐད་ཀྱི་འདེགས་སྐྱོར་ནུས་པ་ཇེ་ཆེར་གཏོང་བ་དང་། འཇོན་མི་མང་པོ་སྐྱེད་སྲིང་བྱེད་པ་དང་འཇོན་མི་བཀོལ་སྤྱོད་གང་ལེགས་བྱེད་པའི་རྣམ་པ་གྲུབ་པར་བྱ་དགོས་ཞེས་ནན་གྱིས་བསྟན་པ་དང་། ང་ཚོར་སྐུལ་སློང་ཆེན་པོ་ཐེབས་པ་དང་ངར་སེམས་ཆེར་སྐྱེད། ཁོས་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ལམ་ལུགས་ཇུས་འགོད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། སྔར་ལས་ཤུགས་ལྡན་པའི་སྒོ་ནས་ཤེས་བྱར་བརྩི་འཇོག་བྱེད་པ་དང་སློབ་གསོ་གཙིགས་འཛིན་བྱེད་པ། དགེ་རྒན་ལ་བརྩི་བཀུར་བྱེད་པའི་སྤྱི་ཚོགས་སྣང་ཚུལ་བཟང་པོ་གྲུབ་པར་བྱེད་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཝང་ཅུན་གྱིས་གཏམ་བཤད་སྐབས། རྒྱལ་ཁབ་གསོ་རིག་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་ཁུལ་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ་ནི། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་པ་དང་གཞི་རིམ་དུ་འདོན་སྤྲོད་བྱེད་པ་་དང་ཁུལ་ཁོངས་དོ་མཉམ་བཀོད་སྒྲིག་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། རྒྱལ་ཁབ་ཀྱི་ཁུལ་ཁོངས་སྨན་བཅོས་ལྟེ་གནས་ཀྱི་བཀོད་སྒྲིག་ལ་ཤུགས་སྣོན་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཐད་ཀྱི་མི་འདང་སར་ཁ་གསབ་བྱས་ནས། མཉམ་དུ་རྫོང་ཁོངས་ཀྱི་བདེ་ཐང་འགོག་མཚམས་བརྟན་པོ་འཛུགས་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཅའོ་ཧུང་གིས་ཞིང་བཟོ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས། མི་གྲངས་འཕེལ་རྒྱས་དེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་འབྲེལ་བ་ཡོད་པས། སློབ་གསོ་འཕྲོད་བསྟེན་ལས་དོན་གྱི་བཅོས་བསྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ་དང་། བུ་སྐྱེས་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ། མི་གྲངས་ཀྱི་གྲུབ་ཚུལ་དང་སྤུས་ཚད་འགྱུར་ལྡོག་ལ་གཅིག་འདོམས་བྱས་ནས། མི་གྲངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཝུའུ་ཨའེ་ཆུན་གྱིས་གཏམ་བཤད་སྐབས། གྲོང་ཁྱེར་ཧ་ཅང་ཆེན་པོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་གོ་གནས་གལ་ཆེན་ཟིན་པ་དང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ་པས། གྲོང་ཁྱེར་ཧ་ཅང་ཆེན་པོའི་སྤྱི་ཐུན་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། མི་གྲངས་ཀྱི་དོ་དམ་སྲིད་ཇུས་ལེགས་སྒྲིག་བྱེད་པ་དང་འཐུས་ཚང་དུ་གཏོང་བ། ཐབས་མང་མཉམ་སྤྱོད་ཀྱིས་འགྲིམ་འགྲུལ་འཚང་འགག་གི་དཀའ་གནད་ཐག་གཅོད་པ། གཞི་གྲངས་ཅན་དང་རིག་ནུས་ཅན། རིག་སྟོབས་ཅན་གྱི་བཀོལ་སྤྱོད་ལ་ཤུགས་བསྣན་ནས། གྲོང་ཁྱེར་ཧ་ཅང་ཆེན་པོའི་དེང་རབས་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་དབྱང་ཏན་གྱིས་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གཏམ་བཤད་སྐབས། བསླབ་ཚན་བསྣོལ་འདྲེས་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་སྟེ། རྩེར་སོན་གསར་གཏོད་འཇོན་མི་སྐྱེད་སྲིང་དང་ཚན་རྩལ་གསར་གཏོད་ཐད་ཀྱི་མཉམ་བསྲེས་འཕེལ་རྒྱས་མངོན་འགྱུར་བྱ་དགོས། སློབ་ཚན་ཐོན་གསུམ་གྱི་མཉམ་ལས་རྐྱེན་སྲོལ་གཏིང་ཟབ་ཏུ་བཏང་ནས། གཙོ་མང་མཉམ་ལས་ཀྱི་རྩེར་སོན་གསར་གཏོད་འཇོན་མིའི་སྐྱེད་སྲིང་སྐྱེ་ཁམས་འཛུགས་དགོས། སྒོ་འབྱེད་བརྗེ་རེས་དང་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། འཇོན་མི་སྐྱེད་སྲིང་རྒྱལ་སྤྱིའི་ཅན་དུ་བསྒྱུར་བའི་ཆུ་ཚད་ཇེ་མཐོར་བཏང་སྟེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས་ཟེར།