ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་སྤུན་ཟླ་རྣམ་པ།
གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་སྤེལ་ནས་ལོ་བརྒྱ་དང་བཅོ་ལྔ་འཁོར་བའི་དུས་སུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁྱེད་རྣམ་པར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན།
འདས་ཟིན་པའི2024ལོ་ནི་ཧ་ཅང་གལ་ཆེ་ཞིང་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། ཛ་དྲག་ཆེ་བའི་འགྲན་རྩོད་རབ་དང་རིམ་པར་ཁ་ཕྱོགས་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཆེན་གོང་འོག་ཡོངས་ཀྱི་སྣེ་ཁྲིད་དེ་དྲིན་བསམ་མདུན་སྐྱོད་དང་དཔའ་སྐྱེད་མདུན་སྐྱོད་བྱས། ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཏང་དང་སེམས་མཐུན་མཉམ་བསྐྱོད་བྱས་པ་དང་། མངག་བཅོལ་སེམས་ལ་བརྟན་པོར་བཟུང་ལ། དུས་རབས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་བ་དང་། དཔལ་འབྱོར་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོ་དང་གྲོང་གསེབ་དར་སྤེལ་གྱི་ཡུལ་དངོས་གཙོ་བོ། ཚན་རྩལ་གསར་གཏོད་ཀྱི་ཆེས་མདུན་གྲལ། སྤྱི་ཚོགས་ཞབས་ཕྱིའི་ཁྱབ་ཁོངས་སོ་སོ་བཅས་སུ་རྔུལ་ཆུ་བཏོན་པ་དང་། ལས་བརྩོན་དང་རིག་སྟོབས་ལ་བརྟེན་ནས་སྤྱིར་བཏང་མིན་པའི་ལས་འབྲས་བསྐྲུན་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག
2025ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་མཇུག་བསྒྲིལ་བའི་ལོ་དང་། ཀྲུང་དབྱང་ཏང་གི་མང་ཚོགས་ཚོགས་པའི་བྱ་བའི་གྲོས་ཚོགས་བསྡུས་ནས་ལོ་ངོ་བཅུ་འཁོར་བའི་ལོ་ཡིན་ལ། པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་བསྡུས་ནས་ལོ་ངོ་སུམ་ཅུ་འཁོར་བའི་ལོའང་ཡིན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་སྤུན་ཟླ་རྣམས་ཀྱིས་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས་དྲིན་བསམ་ཡར་བརྩོན་བྱེད་པ་དང་། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་དགོས་ལ། རང་གི་ཕུགས་འདུན་དང་ཁྱིམ་ཚང་གི་ཕུགས་འདུན་དེ་རྒྱལ་ཁབ་ཀྱི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་ཁྲོད་འདྲེས་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་བུད་མེད་ཀྱི་སྟོབས་ཤུགས་འབུལ་བ་དང་བུད་མེད་ཀྱི་སྤྱོད་བཟང་མངོན་དགོས། རང་བཀུར་ཡིད་རྟོན་དང་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་གཏང་དགོས་ལ། ཏང་གི་རྗེས་སུ་འབྲངས་ནས་སྐྱོད་ལམ་གསར་པར་འབད་པས་བསྐྱོད་པ་དང་། བུད་མེད་ཀྱི་དུས་རབས་གསར་པར་བྱས་རྗེས་བཞག་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་དགེ་མཚན་འདོན་སྤེལ་བྱེད་པ་དང་། རྣམ་པ་གསར་པ་དང་སྤྱོད་ཚུལ་གསར་པ་མངོན་དགོས། ཧུར་ཐག་སྒོས་ཁྱིམ་ཚང་དཔལ་ཡོན་གྱི་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བྱེད་པ་དང་ཁྱིམ་སྲོལ་བཟང་པོ་ཆགས་སུ་འཇུག་པའི་ཐད་ཐུན་མིན་གྱི་ནུས་པ་འདོན་སྤེལ་བྱས་ནས། ཁྱིམ་མི་དག་གིས་རྒྱལ་ཁབ་ཀྱི་འདང་བརྩེ་ཟབ་མོ་ཆགས་པར་སྐུལ་ཁྲིད་དང་ཁྱིམ་ཚང་གི་འཆམ་མཐུན་དང་ཁྱིམ་ཚང་གི་སློབ་གསོ་བཟང་པོ། ཁྱིམ་སྲོལ་བཟང་པོ་བཅས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་ཁྱིམ་ཚང་ནས་རྩ་བ་ཚུགས་པར་ཡར་སྐུལ་བྱ་དགོས།
རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ། ཞབས་ཕྱིའི་འབྲེལ་གཏུག་གི་འགན་ནུས་ངེས་གནས་ལ་རྐང་བཙུགས་ཤིང་། འབྲེལ་ཟམ་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སེམས་ཞིབ་མོས་ཏང་སྲིད་ཀྱི་དཀའ་ཁག་དང་བུད་མེད་ཀྱི་དགོས་མཁོ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ནུས་པའི་དངོས་སྒྲུབ་དོན་བཟང་བཟང་པོར་བསྒྲུབས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་སྤུན་ཟླར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བརྩོན་སེམས་ཆེན་པོ་དང་དུས་ཚོད་ཀྱིས་མིར་ངང་སྒུག་བྱེད་མི་སྲིད་པའི་འདུ་ཤེས་ཀྱིས་འབད་བརྩོན་ཆེན་པོ་བྱེད་པའི་བསམ་བློའི་རྣམ་འགྱུར་བཟུང་སྟེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བཞུད་ལམ་གསར་བའི་སྟེང་། གསར་གཏོད་ཡར་བརྩོན་དང་དཀའ་སྤྱད་ཀྱིས་བྱས་རྗེས་བཞག་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་བུད་མེད་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་སྤུན་ཟླར་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་དང་། བདེ་སྐྱིད་བདེ་ཐང་ཡོང་བ་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུས་པ་ཡིན།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལའོ་ཏུང་ཁྲོན་ནས།
2025ལོའི་ཟླ3པའི་ཚེས8ཉིན།