ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚེས་དྲུག་ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་གྱི་ཚན་ཆུང་གྲོས་ཚོགས་ལ་ཞུགས། ཨུ་ཡོན་གྱི་གཏམ་བཤད་ལ་ཉན་རྗེས། ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཆོས་ལུགས་བྱ་བར་ཧ་ཅང་མཐོང་ཆེན་བྱས་པས། ཏང་གི་ཆོས་ལུགས་བྱ་བའི་ཐད་ནས་གྲུབ་འབྲས་བཟང་པོ་བླངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་འཕྲོད་ཡོང་བར་སྣེ་ཁྲིད་བྱས་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་ངོས་ལེན་ལྔ་ཇེ་མཐོར་གཏོང་བར་སྣེ་ཁྲིད་བྱ་དགོས། གོ་རིམ་ལྡན་པའི་སྒོ་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སྣེ་ཁྲིད་དང་ཀྲུང་ཧྭའི་རིག་གནས་ཀྱི་སིམ་སྦངས་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་གནས་ཚུལ་དངོས་དང་ཁྱད་ཆོས་དང་མཐུན་པའི་ཆོས་ལུགས་ཀྱི་དོན་སྙིང་དགོངས་པ་རིམ་པ་བཞིན་གྲུབ་པར་བྱ་དགོས། ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་བསྒྱུར་བར་ཤུགས་བསྣན་ནས། ཆོས་ལུགས་བྱེད་སྒོ་ཁྲིམས་ལྟར་དང་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བར་ཐེག་བྱ་དགོས། ཆོས་ལུགས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཚོས་ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ཇུས་འབུལ་ཤུགས་འདོན་བྱ་དགོས།