ཟླ3པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུར་ཞུགས། ལིས་ཆང་གིས་ཨུ་ཡོན་གྱི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྲིད་ཇུས་དང་བྱེད་ཕྱོགས་ཆེན་པོ་གཞིར་བཟུང་ནས། སྲིད་གཞུང་བྱ་བའི་སྙན་ཞུས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་བཀོད་སྒྲིག་གང་ལེགས་བྱས་ཡོད། མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་སྔར་བཞིན་ཅུང་མང་བའི་དབང་གིས། ད་ལོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་སྤྱིའི་སྙོམས་སྒྲིག་གི་རྒྱང་ལྟའི་རང་བཞིན་དང་དམིགས་འབེན་རང་བཞིན། ཕན་ནུས་རང་བཞིན་བཅས་ཆེ་རུ་གཏོང་དགོས་པ་དང་། སྔར་ལས་ཧུར་བརྩོན་གྱི་ནོར་སྲིད་སྲིད་ཇུས་ཀྱིས་གཏོང་སྒོའི་གཞི་ཁྱོན་དང་གཙོ་གནད། འགྲོས་ཚད་བཅས་ཀྱི་སྡེབ་སྒྲིག་ཕན་ནུས་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱེད་དགོས་ལ། དངུལ་ལོར་སྲིད་ཇུས་འོས་འཚམ་ལྷུག་གཏོང་ཡོང་བ་བཅས་བྱས་ཏེ། དངོས་ཕུང་དཔལ་འབྱོར་ལ་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་སྔར་ལས་འདང་ངེས་འདོན་སྤྲོད་བྱེད་དགོས། ནུས་ཤུགས་ཆེ་རུ་བཏང་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཆེ་རུ་གཏོང་བ་དང་། འཛད་སྤྱོད་སྐུལ་སྤེལ་བཏང་ནས་དཔལ་འབྱོར་འཁོར་རྒྱུག་གི་སྒུལ་ཤུགས་ཆེ་རུ་གཏོང་བ། བཅོས་སྒྱུར་ཟབ་སྤེལ་བཏང་ནས་དཔལ་འབྱོར་འཁོར་རྒྱུག་གི་གསོན་ཤུགས་བསྐྱེད་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་འཁོར་རྒྱུག་གི་སྦས་ཤུགས་འདོན་སྤེལ་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་རྒྱུ་དང་། གཞི་ཁྱོན་ཆེ་བའི་དབུལ་པོ་ཡང་བསྐྱར་མི་འབྱུང་བའི་ཉེན་མཚམས་མཐའ་གཅིག་ཏུ་སྲུང་འཛིན་བྱས་ནས། དབུལ་ཐར་ས་ཁུལ་གྱི་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས།