ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་ནན་ཏན་སྒོས་གྲོས་ཞིབ་བྱས། ཝུའུ་ཞའོ་ཅུན་དང་། ཝང་ལིས་མེན་གྱིས་གཏམ་བཤད། ལའོ་ཏུན་ཁྲོན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་གོ་ཀྲི་ཏན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། ལུས་རྩལ་སྤྱི་ཁྱབ་ཅུའུ་བཅས་འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་བཅས་གྲོས་ཞིབ་ལ་ཞུགས་ནས་འཐུས་མིའི་བསམ་ཚུལ་དང་གྲོས་གཞིར་ཉན།
འཐུས་མི་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྙན་ཞུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཡོངས་སུ་ཁྱབ་པར་བྱས་ཡོད་ལ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་དུས་ནམ་ཡང་གོ་བ་ཟབ་མོ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་མངོན་པར་གསལ་སྟོན་གནང་ཡོད། སྙན་ཞུ་ལས་སྤྱི་ཡོངས་གཉིས་གཅིག་འདོམས་དང་འཐབ་ཇུས་ཀྱི་དམིགས་འབེན་གཙིགས་སུ་འཛིན་པ། དུས་སྐབས་ནུས་ཚད་དམ་འཛིན་དང་དམངས་ཀྱི་འདོད་བློ་སེམས་སུ་ཉར་བ་བཅས་འབུར་དུ་ཐོན་པར་བྱས་ཡོད་པས། དེ་ནི་ལོ་ཧྲིལ་བོའི་བྱ་བའི་འཆར་འགོད་དང་སྲིད་ཇུས་ཀྱི་གསལ་ཁྲ་གསར་བ་ཞིག་ཡིན་ལ། ལྷག་ཏུ་ཀྲུང་གོའི་དཔལ་འབྱོར་འོད་སྟོང་སྨྲ་བའི་ཇུས་བསྟར་སྒྲོག་གཏམ་ཞིག་ཡིན་པར་མ་ཟད། རླབས་ཆེན་དར་ཆ་མཐོར་སྒྲེང་དང་། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། དུས་རབས་ཀྱི་འགན་འཁྲི་གསལ་སྟོན་དང་དངོས་སྒྲུབ་སྟོབས་ཤུགས་གཅིག་སྡུད་བྱས་པའི་སྙན་ཞུ་བཟང་པོ་ཞིག་ཡིན་པས་ན་ཡོངས་སུ་འཐད་པ་ཡིན། སྙན་ཞུར་སློབ་སྦྱོང་དང་དེར་གོ་བ་ལེན་པའི་ཁྲོད་སྔར་ལས་སེམས་ཚོར་དྲག་པོ་བསྐྱེད་ཐུབ་སྟེ། ཀྲུང་གོའི་འཕེལ་རྒྱས་ཀྱིས་གྲུབ་འབྲས་བླ་ལྷག་བླངས་ཡོད་ལ། འོད་སྟོང་འབར་བའི་མདུན་ལྗོངས་མངོན་ཡོད་ཅིང་། དེའི་རྩ་བ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་གནང་ཡོད་པས་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མཛུབ་སྟོན་ཡོད་པས་རེད། གཏན་ཕབ་གཉིས་ནི་ང་ཚོས་ངེས་གཏན་མིན་པར་ཁ་གཏད་འཇལ་བའི་ངེས་གཏན་རང་བཞིན་ཆེས་ཆེ་ཤས་དང་། གདེང་ཚོད་ཆེས་ཆེ་ཤས། འགན་ལེན་ཆེས་ཆེ་ཤས་དེ་ཡིན། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་ལག་བསྟར་བཟང་པོ་བྱེད་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། ནུས་ཤུགས་ཡོད་དགུས་ལས་ཞུགས་ལ་སྐུལ་ཞིང་འཕེལ་རྒྱས་ལ་སྐུལ་འདེད་དང་། མཐུན་སྒྲིལ་ཡར་སྐུལ་བྱེད་ཅིང་། དངོས་སྒྲུབ་སྔོན་བརྩོན་གྱི་རྣམ་པ་ལེགས་པོ་ཞིག་གྲུབ་པར་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་སྔར་ལས་ལྷག་པའི་འཕེལ་རིམ་ལོན་པར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་ལེའུ་ཧུར་ཐག་གིས་རྩོམ་རྒྱུ་ཞེས་བཤད།
འཐུས་མི་ལའོ་ཏུན་ཁྲོན་གྱིས་བཤད་རྒྱུར། སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ཡོད་ལ། བྱ་བ་སྤྱི་བསྡོམས་བྱས་པ་དངོས་ཐོག་བདེན་འཚོལ་དང་ཡར་བསྐྱེད་ངར་ཤུགས་སློང་ཐུབ། གནས་བབ་དབྱེ་ཞིབ་བྱས་པ་རྩོད་སྒྲུབ་ཀྱི་ཆོས་ཉིད་དང་མཐུན་ཞིང་གཏིང་ཐག་ཆོད་པ་ཞིག་ཡིན་པ་དང་། བྱ་བ་བཀོད་སྒྲིག་བྱས་པ་གོ་རིམ་གསལ་ཞིང་ཕྱོགས་ཡོངས་མ་ལག་ལྡན་ཞིག་ཡིན་ལ། དར་ཆ་མཐོར་སྒྲེང་དང་བདེན་སྲུང་གསར་གཏོད། ཡིད་ཆེས་མཐོར་གཏོང་། སེམས་ཤུགས་གཅིག་སྒྲིལ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་ཡིན་པས་ན་ཡོངས་སུ་འཐད་པ་ཡིན། སྙན་ཞུར་གྲོས་ཞིབ་བྱེད་པ་ནི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བསམ་ཕྱོགས་རྒྱ་བསྐྱེད་པ། ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པའི་བརྒྱུད་རིམ་ཞིག་དང་། འདས་པའི་ལོ་གཅིག་གི་འཕེལ་རྒྱས་གྲུབ་འབྲས་ཀྱི་སྲོག་ཤིང་ཟིལ་ཤུགས་སྔར་ལས་མངོན་གསལ་ཅན་དུ་བཏང་ཞིང་། ད་ལོའི་དམིགས་འབེན་སྲིད་ཇུས་ཀྱི་འཐབ་ཇུས་གཏན་ཤུགས་སྔར་ལས་མངོན་པར་མཐོང་ཐུབ་ལ། ལས་འགན་བཀོད་སྒྲིག་གི་གནད་འཁེལ་བྱེད་ནུས་སྔར་ལས་འབུར་དུ་དོད་ཡོད། དཀའ་ངལ་གདོང་གིས་བསུ་ཕོད་ཅིང་འབད་འབུངས་ཡར་བརྩོན་བྱེད་པའི་གསལ་མདོག་གི་ཁྲིད་ཕྱོགས་མངོན་གསལ་དུ་བཏང་ཡོད་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལས་དོན་བརྟན་པོར་རིང་དུ་བསྐྱོད་ཐུབ་ཐག་ཆོད་རེད། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ལ་དམིགས་ཏེ། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལག་བསྟར་མཁན་དང་། འགུལ་སྐྱོད་མཁན། དངོས་སྒྲུབ་མཁན་བཟང་པོ་ཞིག་བྱས་ནས། མཐོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་འཕེལ་རིམ་ཆེན་པོ་ལེན་རྒྱུ་ཡིན་ཞེས་བཤད།
འཐུས་མི་ཝང་ལིས་མེན་གྱིས་བཤད་རྒྱུར། སྙན་ཞུ་ལས་གྲུབ་འབྲས་སྤྱི་བསྡོམས་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་ལ། གནད་དོན་དབྱེ་ཞིབ་བྱས་ཁྱོན་ཡོངས་ཆ་ཚང་དང་། དམིགས་འབེན་གཏན་འཁེལ་བྱས་པ་བརྟན་ཞིང་བརླིང་བ་ཞིག་དང་བྱ་བ་བཀོད་སྒྲིག་བྱས་དངོས་གཉེར་ནུས་ལྡན་ཞིག་ཡིན་པས་ན། དར་ཆ་མཐོར་སྒྲེང་དང་སེམས་ཤུགས་གཅིག་སྒྲིལ། འབད་འབུངས་ཡར་སྐུལ་གྱི་སྙན་ཞུ་བཟང་པོ་ཞིག་རེད། མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་དང་། རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་བཅས་ལག་བསྟར་དང་དངོས་འབེབས་བྱེད་པར་དམིགས་ཏེ། གཙང་བོ་བཞུར་རྒྱུད་ཀྱི་ས་ཁུལ་གཙོ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་གཞི་གཅིག་ཏུ་གྲུབ་ཅིང་མཉམ་བསྐྲུན་མཉམ་སྤྱོད་ཀྱི་བཅོས་སྐྱོང་རྣམ་པ་གྲུབ་པར་བྱེད་པ། ནུབ་རྒྱུད་ས་ཁུལ་རྨང་གཞིའི་སྒྲིག་ཆས་གལ་ཆེན་གྱི་དངུལ་གཏོང་རྒྱབ་སྐྱོབ་ནུས་ཚད་སྔར་ལས་ཆེ་རུ་གཏོང་བ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ། ནུབ་རྒྱུད་ས་ཁུལ་གྱི་བར་ཁྱད་གཟིགས་སྐྱོང་སྲིད་ཇུས་གཏན་འབེབ་དང་དངོས་འབེབས་བྱས་ནས། མཚོ་སྔོན་གྱི་ནུས་ཁུངས་གསར་པ་དང་རིག་ནུས་རྩིས་ནུས་ཚད་བརྒལ་རྩིས་ནུས་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ས་ཁུངས་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས་པའི་གྲོས་གཞི་བཏོན།
འཐུས་མི་ལིའུ་གོ་ཆང་དང་། ལིས་གོ། ཏིས་ཆིན་ཡུན། ཆའོ་ཡ་ཆུན། ཀོ་ཅིན་ཕིན་སོགས་ཀྱིས་གཏམ་བཤད།