ཟླ3པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་བུད་མེད་ཁེ་ལས་པའི་བཞུགས་མོལ་ཞིབ་འཇུག་དང་སློབ་སྦྱོང་གི་བྱ་འགུལ་སྤེལ། "བུད་མེད་ཀྱི་དཔལ་འབྱོར་ལ་གཙིགས་ཆེན་དང་བུད་མེད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་འཕེལ་རྒྱས་གསར་སྤེལ་བྱེད"ཅེས་པ་བྱ་འགུལ་གྱི་བརྗོད་བྱར་བྱས་ཏེ། བུད་མེད་ཁེ་ལས་རྣམས་ལ་བགྲོ་གླེང་གི་སྤྱི་སྟེགས་བསྐྲུན་ཡོད་ལ། གསར་གཏོད་ལས་སྐྲུན་གྱི་གསོན་ཤུགས་ལ་སྐུལ་སྤེལ་དང་། བུད་མེད་ཁེ་ལས་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྤྱི་ཚོགས་དཔལ་འབྱོར་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།
བྱ་འགུལ་ཁྲོད། ཞིང་ཆེན་ཡོངས་ཀྱི་ཟས་རིགས་ལས་གཉེར་བ་དང་། བུད་མེད་ལག་ཤེས་པ། ཁྱིམ་ལས་ཞབས་ཞུ། སྐྱེ་དངོས་ཚན་རྩལ། གྱོན་ཆས་ལས་རིགས། ཁྲིམས་ལུགས་ཀྱི་བྱ་བ་སོགས་ལས་རིགས་ཁྱབ་ཁོངས་མི་འདྲ་བའི་བུད་མེད་ཁེ་ལས་པ་རྣམས་ཀྱིས་རེ་རེ་བཞིན་རང་ཉིད་ཀྱི་ལས་གཉེར་ཁྱབ་ཁོངས་ནས་བགྲོ་གླེང་གཏམ་བཤད་བྱས་པ་དང་། ཕྱོགས་ཡོངས་ནས་ལས་གཉེར་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ། མིག་མདུན་གྱི་གོ་སྐབས་དང་གནད་དོན་སྐོར་ཀྱི་འཕེལ་རྒྱས་བསམ་བློ་དང་འཆར་འགོད་ཀྱི་སྐོར་ལྷུག་པོར་གླེང་། དེ་དང་མཉམ་དུ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ཁྲོམ་རའི་ལྟ་སྐུལ་དང་དོ་དམ། དངུལ་རྩའི་གཞུང་དོན་ཁང་། ཁྲལ་དོན་སྤྱི་ཁྱབ་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་དག་གིས་བུད་མེད་ཁེ་ལས་པའི་གནད་དོན་ལ་དམིགས་ཏེ། ཡུལ་དངོས་ནས་སྲིད་ཇུས་འགྲེལ་བཤད་དང་། དོགས་གཞིར་དྲིས་ལན་འདེབས་པ། རང་ཞིང་གི་ཁེ་ལས་པའི་གནད་དོན་སེལ་བ་དང་རོགས་སྐྱོར་བྱེད་པའི་སྐོར་གྱི་བྱེ་བྲག་གི་ཐབས་ལམ་ངོ་སྤྲོད་བྱེད་པ་བཅས་བྱས་ཏེ། ཁེ་ལས་པའི་ཚོང་གཉེར་ཐོན་སྐྱེད་ཁྲོད་ཀྱི་དཀའ་ཁེག་སེལ་རོགས་བྱས། བྱ་འགུལ་མཇུག་རྫོགས་རྗེས་མཚོ་སྔོན་སེ་ཆིས་ཟས་རིགས་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ལི་ཀྲུང་ཁྱིམ་ལས་ཞབས་ཞུའི་ཚད་ཡོད་ཀུང་ཟི། ཧུའུ་ཀྲུའུ་ཚེམས་དྲུབ་ཐོན་ལས་རྟེན་གཞི་བཅས་ལ་སོང་ནས་ཡུལ་དངོས་ནས་རྟོག་ཞིབ་དང་སློབ་སྦྱོང་བྱས་ཏེ། བུད་མེད་ཁེ་ལས་པའི་འབྲེལ་འདྲེས་ཀྱི་སྤྱི་སྟེགས་བསྐྲུན་པར་ནུས་པ་གལ་ཆེན་ཐོན་ཡོད་ལ། གསར་གཏོད་ལས་སྐྲུན་གྱི་གསོན་ཤུགས་ལ་སྐུལ་སྤེལ་བྱས་ཡོད།
ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་བཅོས་བསྒྱུར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་ཞུ་དང་ཟབ་ཞུགས་བྱེད་པར་དམ་པོར་དམིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བུད་མེད་ཀྱིས་བྱས་རྗེས་འཇོག་པའི་འགུལ་སྐྱོད་ཕུན་སུམ་ཚོགས་པ་དང་གཏིང་ཟབ་ཏུ་སྤེལ་ནས། སྲིད་ཇུས་རྒྱུན་འཁོར་གྱི་སྤྱི་སྟེགས་སྐྲུན་པ་དང་། འབྲེལ་ཡོད་ལས་ཁུངས་དང་མཉམ་ལས་བྱེད་པར་ཤུགས་སྣོན་བྱེད་པ། དངུལ་རྩའི་རོགས་སྐྱོར་ལ་བརྟེན་ནས་བུད་མེད་འཕེལ་རྒྱས་གཏོང་བའི་སྲིད་ཇུས་འཐུས་ཚང་གཏོང་བ། ཁེ་ལས་པ་རྩ་འཛུགས་བྱས་ནས་དྲིལ་བསྒྲགས་དང་ངོ་སྤྲོད་བྱ་འགུལ་སྤེལ་བ་བཅས་བྱས་ཏེ་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།