རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་ཟླ3པའི་ཚེས4ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། ཚོགས་ཆེན་གྱི་མགྲིན་ཚབ་པ་ལོའུ་ཆིན་ཅཱན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ཚོགས་ཆེན་ཟླ3པའི་ཚེས5ཉིན་གྱི་སྔ་དྲོར་འཚོགས་མགོ་རྩོམ་རྒྱུ་ཡིན་པ་དང་། ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོར་གྲོལ་རྒྱུ་ཡིན་ལ། ཚོགས་ཡུན་ཉིན་བདུན་རེད། ཚོགས་ཆེན་གྱི་གྲོས་རིམ་ལ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱེད་པ་དང་། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་དང་། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུར་ཞིབ་བཤེར་བྱེད་པ་སོགས་དོན་ཚན་བདུན་འདུས་ཡོད།
ལོའུ་ཆིན་ཅཱན་གྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། འདས་པའི་ལོ་ངོ་གཅིག་གི་རིང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྱོན་བསྡོམས་ཁྲིམས་ལུགས་གྱོད་དོན་སོ་དགུར་གྲོས་ཞིབ་བྱས་ནས། དེའི་ཁྲོད་ཀྱི་གྱོད་དོན་ཉེར་བཞིར་གྲོས་འཆམ་བྱུང་བ་དང་། ཁྲིམས་ལུགས་གཏན་འབེབས་བཟོ་བའི་གྱོད་དོན་དྲུག་དང་ཁྲིམས་ལུགས་བཟོ་བཅོས་རྒྱག་པའི་གྱོད་དོན་བཅུ་བཞི། འབྲེལ་ཡོད་ཁྲིམས་ལུགས་གནད་དོན་དང་གནད་དོན་ཚབས་ཆེན་ལ་ཐག་གཅོད་བྱས་པའི་གྱོད་དོན་བཞི་བཅས་འདུས་ཡོད་ལ། ནུས་ཁུངས་བཅའ་ཁྲིམས་དང་འཕར་ཁྲལ་བཅའ་ཁྲིམས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཅའ་ཁྲིམས་སོགས་དང་འབྲེལ་བ་ཡོད་ཟེར།
གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ཚོགས་ཆེན་གྱི་མགྲིན་ཚབ་པས་ད་དུང་ཚན་རྩལ་གསར་གཏོད་ཇེ་མགྱོགས་སུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་སོགས་ཀྱི་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།